གནས་ཆེན་བྱང་བྱ་དུར།

གནས་ཆེན་ཉེར་བཞིའི་ནང་ཚན་ཟིང་ཆུ་ནགས་རིང་གི་རི་བོའི་དཀར་ཆག་སྤོས་ཀྱི་གླང་བོ།
IMG_5334.JPG

ཀ་དག་དྲི་མེད་གཞི་ཡི་རང་མདངས་ལས།།སྣང་རིག་མཚན་མེད་ལམ་གྱི་ཡེ་ཤེས་ཤར།།
གསལ་སྟོང་དབྱེར་མེད་འབྲས་བུ་སྐུ་གསུམ་རྫོགས།།བདག་གཞན་གཉིས་མེད་ཀུན་གྱིས་སྙིང་དབུས་རོལ།།

སྟོང་གསུམ་འདྲེན་པའི་ཐུ་བོ་དམུ་རྒྱལ་སྲས།།ཚད་གསུམ་ཟུང་འབྲེལ་བདེན་གཉིས་དོ་མཉམ་བོན།།
ཐེག་གསུམ་མཛོད་འཛིན་ལམ་ལྔའི་འཕགས་པ་བཅས།།སྒོ་གསུམ་མི་ཕྱེད་དད་པས་སྤྱི་བོར་བསྙེན།།

གསང་གསུམ་མ་ཎི་གཏེར་བདག་གུ་རུ་དང༌།།ལོག་ལྟའི་བདུད་སྡེ་མཐར་བྱེད་དྷེ་བ་ལྷ།།
མཆོག་ཐུན་དངོས་གྲུབ་སྩོལ་མཛད་ཌཱཀི་མ།།རྩ་གསུམ་དམ་ཅན་རྒྱ་མཚོས་ཤིས་པ་སྩོལ།།

ཕྱི་ལྟར་རྣམ་དག་ཡུམ་ཆེན་སུམ་ཅུ་གཉིས།།ནང་ལྟར་བྱམས་ཆེན་ལྷ་མོ་བརྒྱ་རྩ་བརྒྱད།།
གསང་བ་མ་རྒྱུད་སུམ་བརྒྱ་དྲུག་ཅུའི་ལྷ།།མཁའ་འགྲོ་རྒྱ་མཚོས་དུས་ཀུན་འགྲོ་འདི་སྐྱོངས།།

   ༧ མཚན་སྣང་འོད་གསལ་འབྱོངས་པའི་དུས་སྐབས་སུ།། ཕྱི་ནང་མཚན་མའི་སྣང་བ་གཞི་མ་དག། འཇའ་ཐིག་ཚོམ་བུ་ལྔ་ལྡན་དུ་མའི་དབུས།། ཞི་དང་མ་ཞི་ཞི་མ་ཁྲོ་ཡི་ལྷ།། དཀྱིལ་འཁོར་རིགས་བརྒྱའི་རྣམ་པ་བཀྲ་བའི་དབུས།། ཕྱི་ནང་ཟང་ཐལ་འོད་ཀྱི་གཞལ་མེད་ཁང༌།། རྒྱ་བ་རྒྱ་མཚོའི་དལ་ཞལ་ཝལ་ལེ་ཤར།། དབུ་རྩེར་དྭངས་གསལ་མཁའ་ལ་ཁྲི་གདུགས་བཞིན།། གནས་བདག་བླ་མའི་ཚུལ་ལྡན་ཀང་ཀའི་སྟེང༌།། དགྱེས་ཞལ་ཕྱོགས་བཅུར་གཟིགས་ཤིང་ལྡིང་སྐོར་མཛད།། དེ་ཚེ་བར་སྣང་མདུན་ཐད་འཇའ་གུར་ནས།། བརྩེ་ལྡན་ཡེ་ཤེས་དབལ་མོས་ཞལ་སྟོན་ཏེ།། དྲུག་ཅུ་ཚངས་དབྱངས་འཇེབས་པོའི་འགྱུར་ཁུག་གིས།། ཕྱོགས་བཅུ་ཡོངས་ལ་སྒྲོན་པའི་བརྡ་མཛད་ཅིང༌།། མཁའ་ཀློང་དབྱིངས་ཀྱི་རྒྱལ་མོའི་ངོ་བོ་ཉིད།། སྲིད་པ་འདས་མ་འདས་མཚམས་བྱ་ར་བ།། བདག་མོ་ངེད་ཀྱིས་རིས་མེད་འགྲོ་ཀུན་སྐྱོབ།། ལྷག་པར་བྱ་ཆུབ་སྒྲུབ་ལ་གྲོགས་བགྱིས་ཀྱང༌།། ཚུར་མཐོང་ཆུ་བུར་མིག་སྔར་བདག་མི་ཁུམས།། དུས་ནམ་རྟག་ཏུ་གཏན་གྱི་སྐྱབས་གནས་ཕུལ།། ཕྱོགས་དུས་རྒྱལ་བའི་ཞལ་སྐྱིན་སྤྱི་སྤུངས་སུ།། བཞེངས་པའི་རི་འདིའི་ཕྱི་ནང་བར་གསུམ་ལ།། ཕན་པའི་ཡོན་ཏན་གཞལ་གྱིས་མི་ལོང་སྟེ།། སྐུ་ཡི་བཀོད་པ་ཞིང་ཁམས་ཕྲིན་ལས་སོགས།། མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་མཐའ་ཡས།། འོན་ཀྱང་དད་པ་དག་ལ་རག་ལས་པས།། སྒོ་གསུམ་མུ་ཕྱེད་དད་པས་བཀུར་ཤེས་ན།། འདི་སྣང་ལྟ་ཅི་གདོད་མའི་གཏན་སྲིད་སོགས།། མནོ་རྒུའི་འདོད་པ་འཇོ་བར་གདོན་མི་ཟ།། འོག་མིན་སྟུག་པོ་བཀོད་པའི་དབྱིངས་ཀློང་དུ།། སྣང་མེད་ཀུན་བཟང་ངང་ཉིད་གཡོ་བ་མེད།། ཀུན་སྣང་ཁྱབ་པའི་ཐུགས་རྗེ་འོད་ཟེར་ལས།། འབྱུང་ལྔ་རང་གྲུབ་ཕྱོགས་བཅུའི་ཞིང་ཁམས་ཆགས།། ༧ བསྐལ་བཟང་སྒྲོན་མེ་ཅན་གྱི་དུས་ཚིགས་འདིར།། འོག་མིན་མཁའ་སྤྱོད་རིགས་ལྔའི་ཞིང་ཁམས་ནས།། གསས་ཆེན་ལྷ་ལྔའི་ཐུགས་རྗེ་འོད་ཟེར་གྱི།། ཉག་ཐག་རྒྱུན་དུ་སྤྲོས་པའི་གནས་མཐར་ཐུག། གསང་མཆོག་ཐུགས་རྗེ་ཉི་མའི་ལྷའི་དཀྱིལ་འཁོར།། གནས་ཆེན་བརྒྱ་དང་ཉི་ཤུ་བཀྲ་བ་ལ།། ཁྱད་གཞི་མདོ་གམ་རྨ་སྒང་རིང་མོའི་རྒྱུད།། མཐའ་འཁོབ་བོད་དང་ཙི་ཎའི་རུ་མཚམས་སུ།། ཤིན་ཏུ་དམུ་རྒོད་རབ་ཏུ་གདུལ་དཀའི་མིར།། མགོན་སྐྱབས་དཔུང་གཉེན་མཆོག་གི་ལྷར་བཞེངས་པའི།། ནང་ཚན་རྒྱ་ནག་གོང་མའི་འུག་གདོང་གི།། བྱང་ཕྱོགས་ཟིང་ཆུའི་ནགས་རིང་ཞེས་པའི་ལྗོངས།། ༧ ཕྱི་ལྟར་རིན་ཆེན་སྣ་ཚོགས་སྤུངས་འདྲའི་རི།། གང་དག་ལེགས་པའི་བཀྲ་ཤིས་རྟགས་བརྒྱད་དང༌།། ཞི་རྒྱས་དབང་དྲག་ཚང་བའི་དབྱིབས་དང་ལྡན།། ལྷུན་མཐུག་གཟི་བྱིན་རབ་ཏུ་འབར་བའི་རྩེར།། དུས་བཟང་དག་ལ་འཇའ་ཚོན་འོད་འཁོར་འཁྱིལ།། སྲིད་གསུམ་འགྲོ་བ་བྱ་ར་བྱེད་པའི་དཔལ།། གཏེར་བདག་བླ་མའི་ཚུལ་གྱིས་དུར་བྱ་ཞོན།། བྱ་རིགས་འཕུར་འཇུམ་དུར་བྱས་ལྡིང་སྐོར་བྱེད།། རྩེ་ལྐོག་བདེ་ཡངས་ཉམས་དགའི་དབེན་ས་རུ།། བྱ་རིགས་དུ་མའི་དུར་ཁྲོད་མཆིས་པ་ལ།། དཔག་ནས་ཀུན་གྱིས་ངག་ཏུ་བྱ་དུར་ཞེས།། སྤྱིར་ན་བྱ་རིགས་སྐད་སྙན་འདོན་པ་དང༌།། རི་དྭགས་སྣ་ཚོགས་རྩེད་འཇོལ་བྱེད་ཅིང་འཁྲབ།། ༧ ནང་ལྟར་ཡུལ་མཆོག་གནས་བཞིའི་བཀོད་པ་དང༌།། ཆེས་མཚར་བཀའ་བརྟགས་བསམ་གྱིས་མི་ཁྱབ་སྟེ།། ཁྱད་བོན་ཕྲིན་ལས་ཐུགས་རྗེ་བྱིན་སྟོབས་སོགས།། ཞིང་གི་རྡུལ་སྙེད་ལས་འདས་ནམ་མཁའི་མཐའ།། བདག་འདྲ་སྐྱེས་ཐོབ་ལྟ་ཅི་སྦྱོང་ཐོབ་ཀྱི།། རྣམ་འབྱེད་ཤེས་རབ་མིག་པུ་ཆ་ཕྲ་བས།། ཚུལ་བཞིན་འདོམ་པའི་སྤོབས་པས་རབ་ཏུ་དབེན།། འོན་ཏང་ཉམས་ལ་འདི་ལྟར་ཤར་བའི་དོན།། རྗེས་འཇུག་ཕྱི་རབས་ཡོངས་ཀྱིས་ཡིད་ཆེས་ཀྱི།། དད་པ་འཕེལ་ཏེ་དགེ་ལ་འདུན་པའི་ཕྱིར།། ཆ་ཤས་ཙམ་དུ་དྭངས་པའི་དད་པས་སྤྲོ།། འདི་ལྟར་དངོས་སྣང་མཚན་མ་སྲིད་དོ་ཅོག། དོན་དམ་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་ལྟར།། སྣང་སྲིད་དག་པ་རབ་འབྱམས་ལྷའི་འཁོར་ལོ།། གདོད་མ་ཉིད་ནས་གནས་ཏེ་འཕོ་འགྱུར་མེད།། འདུས་མ་བྱས་ཏེ་སྟོང་བའི་རང་བཞིན་ཅན།། དེ་ལྟར་ན་ཡང་མ་རིག་ཉོན་མོངས་པའི།། གཉིད་དུ་འཐིབ་པའི་གདུལ་བྱ་ཡིད་ཅན་རྣམས།། མ་ནོར་ངེས་པའི་ལམ་དུ་རིག་སད་ཅིང༌།། ཐར་དང་ཐར་བ་ཆེན་པོའི་གྲོང་ཁྱེར་དུ།། མྱུར་དུ་བཀྲིད་དྲང་མཛད་ཕྱིར་དུས་གསུམ་གྱི།། བདེར་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར་བཀོད་པའི།། དབུས་རྩེར་ཀུན་བཟང་མཁའ་འགྱིང་རིགས་ལྔ་དང༌།། གཡས་སུ་གསང་མཆོག་རྒྱལ་པོ་ཡམ་ཡུམ་ལྷ།། གཡོན་དུ་རྒྱལ་ཡུམ་བཟང་ཟ་རིང་བཙུན་མ།། མདུན་དུ་རྒྱལ་གཤེན་མི་ལུས་བསམ་ལེགས་བཞུགས།། རྒྱབ་ཏུ་སྐུ་གདུང་གསུང་རབ་ཝ་ལེ་གནས།། འཁོར་དུ་སུམ་བརྒྱ་དྲུག་ཅུའི་ལྷ་ཚོགས་དང༌།། གསས་མཁར་མཆོག་ལྔའི་ལྷ་ཚོགས་གཙོ་འཁོར་བཅས།། བོན་སྐྱོང་དཔལ་མགོན་རྣམས་ཀྱང་སྐར་ལྟར་བཀྲ།། ཕྱི་དང་ནང་ཞེས་གཞལ་མེད་ལྷ་ཡི་ཁང༌།། སྲིད་དང་ཞི་བའི་མཁའ་ལ་མི་གནས་ཤིང༌།། སྲིད་ཞིའི་མགོན་པོར་དུས་ལས་མི་ཡོལ་བ།། སྟོབས་བཅུ་མངའ་བ་དམུ་རྒྱལ་མངོན་བྱོན་པ།། དཀྱིལ་འཁོར་ཕོ་བྲང་དབུས་ཀྱི་ཁྲི་སྟེང་དུ།། གྱེར་སྤུངས་ཆེན་པོ་དྲན་པ་ནམ་མཁའ་བཞུགས།། གཡས་སུ་གྲུབ་ཐོབ་རིག་འཛིན་ཕོ་རྒྱུད་དང༌།། གཡོན་དུ་མ་རྒྱུད་མཁའ་འགྲོ་རྣམས་བཞུགས་ཏེ།། འཇིག་རྟེན་གསུམ་གྱི་ཡིད་ཅན་མ་ལུས་པར།། ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་དང༌།། ཕྱི་ནང་གསང་བ་གསུམ་བཅས་སྤྱི་དཔལ་དུ།། བོན་གྱི་འཁོར་ལོ་བསྐོར་བའི་ཚུལ་དུ་གནས།། འཚོགས་པའི་དབུས་ནས་བྱིན་རླབས་བདུད་རྩིའི་རྒྱུན།། ཤར་དུ་ཟིང་ངེ་འབེབས་པའི་ཆུ་མིག་དཀར།། དེ་ལྟག་ནུབ་ཏུ་ནགས་ཚལ་རིང་བོ་རྒྱས།། ཐ་གྲུ་ཁྱོན་འདིའི་མཚན་ཉིད་དེས་འཛིན་ཕྱིར།། ཟིང་ཆུ་ནགས་རིང་ཞེས་པའི་ཐ་སྙད་ཆགས།། འདི་ཉིད་བཏུང་ཞིང་ཁྲུས་ཆབ་བྱེད་ཙམ་གྱིས།། ནད་གདོན་སྡིག་སྒྲིབ་བག་ཆགས་ཀུན་དག་ནས།། ལུས་ཉམས་རྒྱས་ཤིང་དབང་པོ་དྭངས་བ་དང༌།། རིག་པ་གསལ་ཞིང་ཕུང་ཁམས་བདེ་བར་འགྱུར།། སྔོན་ཚེ་རི་འདིའི་ཕྱོགས་བཞིའི་དབུས་དང་ལྔར།། བརྒྱ་བའི་མགོན་པོ་གཤེན་རབ་མི་བོ་མཆོག། རྫུ་འཕྲུལ་ཞབས་ཀྱི་བཅགས་པའི་རྗེས་ལྔ་གསལ།། དབུ་རྩེ་གནམ་སྒོ་ཉི་མ་མཐོང་གསལ་ལ།། མཇལ་ཚད་རང་རིག་ཡེ་ཤེས་ཁོང་ནས་ཤར།། གཡས་རྩེར་བཅུ་གསུམ་ས་ཡི་མངའ་མཛད་མཆོག། ཡེ་གཤེན་བཅུ་གསུམ་རྫུ་འཕྲུལ་ཞབས་རྗེས་དང༌།། གཏེར་དུ་ཁམས་བརྒྱད་རིག་འཛིན་སྒྲུབ་སྐོར་གནས།། གང་མཇལ་བོན་སེམས་དབྱེར་མེད་འདྲེས་པར་འགྱུར།། དེའི་ཐད་སྤྱང་འཕགས་རྡོ་ལེབ་ཅེས་བྱ་བའི།། གདན་ཁྲི་ཆེན་པོ་དེའི་སྟེང་འདུག་ནས་སུ།། མཉམ་པར་བཞག་ཚེ་ཐུན་མོང་མ་ཡིན་པའི།། ཉམས་རྟོགས་ལྷུག་པར་འཆར་ལ་གདོན་མི་ཟ།། ནུབ་ཕྱོགས་ས་ཕུག་ཉམས་དགའི་གནས་ཤིག་ཡོད།། སྡོད་པ་ཙམ་གྱིས་གཏི་མུག་སྤྲིན་དག་ནས།། ཡེ་ཤེས་ཉི་མ་ཁོང་ནས་ཤར་བར་འགྱུར།། གཡོན་རྩེར་སྟག་ལ་མེ་འབར་སྒྲུབ་ཕུག་ཅེས།། གསང་བ་སྔགས་ཀྱི་སྒྲུབ་པ་གང་བྱས་ཚེ།། མཐུ་དབང་བྱིན་སྟོབས་མྱུར་དུ་རྫོགས་པ་དང༌།། དྲེགས་ཚོགས་དབང་སྡུད་ཟིལ་གྱིས་ནོན་པར་འགྱུར།། བྱ་ཡི་དུར་ཁྲོད་དེ་ཐད་ཟུར་ན་ཡོད།། ཐུགས་ཀར་གནམ་དགོན་སྤྱང་འཕགས་སྒྲུབ་ཕུག་ཅེས།། སྟོད་སྨད་བར་གྱི་གྲུབ་ཐོབ་གོང་མ་དང༌།། རྒྱ་བོན་ཟིང་བ་མཐུ་ཆེན་ལས་སོགས་ཏེ།། བསྐལ་བཟང་སྟོང་གི་ངོ་བོ་ལི་ཤུ་རྗེ།། གྲུབ་ཆེན་བརྒྱད་ཅུ་རྗེས་འཇུག་རིག་འཛིན་དང༌།། ཕྱིས་འགྱུར་རྟོགས་པ་མཆོག་ལྡན་གཤེན་པོའི་ཚོགས།། དངོས་སུ་ཕེབས་དང་སྒྱུ་རྩལ་རྫུ་འཕྲུལ་གྱིས།། བྱོན་ནས་མ་བཞུགས་པ་ནི་གཅིག་ཀྱང་མེད།། དེ་ཕྱིར་དེ་ན་ཚེ་གཅིག་ལུས་གཅིག་ཏུ།། རིག་འཛིན་རྣམ་བཞི་བགྲོད་པ་གཅིག་པའི་ཤུལ།། ཐུན་མིན་ལམ་ལྔའི་ཡོན་ཏན་རྫོགས་པ་དང༌།། ཀུན་བཟང་བདག་ཞལ་མཇལ་ཏེ་དགེ་སྦྱོར་གྱི།། བོགས་སྐྱེད་བདེ་བླག་ཉིད་དུ་འདོན་པ་སོགས།། ཉམས་རྟོགས་འཕེལ་ཞིང་དོན་གཉིས་འགྲུབ་ཚུལ་གྱི།། ཡོན་ཏན་བརྗོད་ན་དཔག་གིས་མི་དཔོག་སྟེ།། ཉི་ཤར་ཐོག་མའི་ཟེར་མདའ་དེར་ཕོག་པས།། ཤེས་རབ་བསྒྲུབ་ན་ལྷག་པར་མྱུར་དུ་འགྲུབ།། རང་རྒྱུད་ཉོན་མོངས་འཕེལ་བའི་གྲོང་ནག་ཏུ།། བསྐལ་པ་གསུམ་དུ་འབད་རྩོལ་བྱས་པ་བས།། གནས་དེར་ཞག་གསུམ་སྡོད་པའི་བསོད་ནམས་ཆེ།། དེ་ཕྱིར་སྙིགས་མའི་དུས་འདིར་ཕྱི་རབས་པ།། སྤྱན་མིག་ཡར་ལྟོས་ཅན་གྱི་མི་སྲིད་ན།། འདིར་སྣང་སྒྱུ་མའི་བསླུ་བྲིད་ཀྱིས་བཅིངས་པའི།། འཁོར་བའི་བོན་བཅུ་འཇིག་རྟེན་བོན་བརྒྱད་དང༌།། འདུ་འཛི་བཅུ་དྲུག་དུག་གི་མེ་ཏོག་ལྟར།། དོར་ནས་གཅིག་པུར་དེ་རུ་བཞུད་པར་འཚལ།། ལུས་རྟེན་འདི་ཉིད་ཆུད་དུ་མི་གསོན་ཏེ།། སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནས།། མྱུར་དུ་མངོན་སངས་རྒྱས་ལ་ཐེ་ཚོམ་མེད།། དེ་ཐད་ཟུར་དུ་གྲུབ་པའི་གཤེན་དགུ་ཡི།། སྒྲུབ་ཕུག་སྐར་མ་བཀྲ་ལྟར་གནས་པའི་སར།། ལོ་གསར་ལྷག་སྒང་དུས་སུ་མེ་ཏོག་བཀྲ།། ཤུག་འབྲས་གསེར་གྱི་མེ་ཏོག་ཅན་ཞེས་མཆིས།། གཡོན་ཟུར་འོག་ཐད་རིག་འཛིན་འཚོགས་ཟང་ཞེས།། བྲག་ངོས་འཇམ་ལ་ཞེང་རྒྱ་ཆེ་བ་ལ།། འོད་ཟླུམ་མར་ཁུ་འཁྱིལ་བའི་ཚུལ་དུ་གནས།། མཇལ་མ་ཐག་ཏུ་བདག་འཛིན་ཉོན་མོངས་པའི།། རྟོག་ཚོགས་ཕྲ་རགས་རླུང་པོ་ཞི་དང་ལྷན།། བྱང་ཆུབ་སེམས་ཀྱི་མཁའ་གླང་གཡོ་བ་ལས།། ཕྱིན་དྲུག་སྤྱོད་པའི་སྦྲང་ཆར་འབེབས་པར་འགྱུར།། གཡས་ཟུར་ཕྱོགས་དེར་འགྲོ་ཀུན་སྐྱོབ་པའི་ཕྱིར།། བྱིན་རླབས་མྱུར་འབྱིན་གསལ་བ་དགུ་འཛབ་དང༌།། འཁོར་བའི་རྒྱུ་འབྲས་སྟོང་བྱེད་དོང་སྤྲུག་དང༌།། བདེ་ཆེན་ཞིང་དུ་འདྲེན་བྱེད་མ་ཏྲི་དང༌།། བརྒྱད་ཁྲི་བོན་གྱི་ཁྱད་གཞི་སྙིང་པོའི་བོན།། འཕྲུལ་ཡིག་བཞི་བཅུ་མ་བྲིས་རང་བྱུང་ཡོད།། ཁྱུང་དང་སྟོང་རྒྱུང་རྫུ་འཕྲུལ་རྩལ་འགྲན་པའི།། ཞབས་རྗེས་གཉིས་ཀ་ཕན་ཚུན་ལྟར་དུ་གསལ།། ལྷ་སྲིན་སྡེ་བརྒྱད་མི་མ་ཡིན་གྱི་སྡེ།། དབང་སྡུད་ཟིལ་གནོན་མཐུ་ལྡན་དྲག་པོའི་ལྷ།། དབལ་ཁྱུང་དམར་ནག་གང་བསྒྲུབ་བྱིན་རླབས་མྱུར།། དེའི་ཟུར་ལོགས་སུ་ཡུལ་མཆོག་གནས་བཞིའི་ལྷ།། དུས་གསུམ་འགྱུར་བ་མེད་པའི་བཀའ་རྟགས་སུ།། དྲན་པ་ཚེ་དབང་གཉིས་ཀྱི་ཕྱག་ཞབས་རྗེས།། དེར་མཇལ་ཚེ་ཟད་པ་ཡང་ཚེ་བསྲིང་སྟེ།། དགེ་བའི་ལས་ལ་བར་ཆད་འབྱུང་མི་འགྱུར།། ལྷོ་ནུབ་དབང་དྲག་མུན་པའི་སྒྲུབ་ཕུག་ཏུ།། མཁའ་འགྲོ་འུག་གདོང་དངོས་སུ་རང་བྱོན་བཞུགས།། ཉམས་དགའི་ཞིང་འདི་སྐྱང་སྤྲུལ་ནམ་མཁའི་མཚན།། ཡེ་གྲོལ་ཆེན་པོའི་ཉམས་ལེན་རྩེར་ཕྱིབས་ཏེ།། ཐེག་ཆེན་ཀློང་སྒོམ་རྟོགས་པའི་རྩལ་གསུམ་རྫོགས།། དྲི་མེད་མཆོག་གི་ཤེས་རབ་བརྙེས་པའི་གནས།། དེ་རུ་ཞག་བདུན་ཙམ་དུ་འཁྲས་པའི་རྨད།། ཉོན་མོངས་དུག་ལྔ་ངང་གིས་ཞི་དང་ལྷན།། ཡེ་ཤེས་ལྔ་ཡི་རང་མདངས་ལྷག་གེ་ཤར།། བདེ་གསལ་སྟོང་བའི་ཉམས་དང་རྟོགས་པ་འབར།། དེའི་ཟུར་ཉེ་ལོགས་རིག་འཛིན་སྟོང་རྒྱུང་གིས།། རྒྱ་སྟག་དམར་པོ་དམ་ལ་བཏགས་པའི་རྟགས།། ཁོང་གི་ཕྱག་རྗེས་མིག་ལྟོས་ཆེད་དུ་བཞག། དེའི་ཐད་རིགས་དྲུག་བར་དོའི་འཕྲང་རིང་ལ།། འགྲིམ་ཚད་ཕྱི་མར་འཕྲང་སྒྲོལ་མངོན་སངས་རྒྱས།། རི་ཞོལ་ཤར་གྱི་གཡས་ཟུར་བདེ་ཐང་དུ།། མཁའ་འགྲོའི་འདུ་ར་ཚོགས་ཆེན་བསྐོར་བའི་གནས།། ཕྱོགས་ཀུན་བ་ལུ་ལྗོན་པའི་ཚང་ཚིང་འཁྲིགས།། མ་རུང་འཇིགས་རྔམ་ཆེན་པོའི་དུར་ཁྲོད་དུ།། ཚེ་འཕོས་གང་གི་སྤུར་གདུང་བཞག་པ་དེའི།། རྣམ་ཤེས་འོད་ཀྱི་གོང་བུར་ཨར་གྱུར་ནས།། དབང་རབ་རིགས་ལྔའི་ཞིང་དུ་རྫོགས་སངས་རྒྱས།། དབང་འབྲིང་མཁའ་སྤྱོད་དགའ་ལྡན་འོལ་མོའི་གླིང༌།། ཞིང་དེའི་པདྨོའི་ཁ་ལ་རྫུས་སུ་སྐྱེ།། དབང་ཐ་ངན་འགྲོའི་གཡང་ལ་མི་ལྟུང་སྟེ།། མཐོ་རིས་གནས་སུ་རིགས་བཟང་བུ་རུ་སྐྱེ།། བྱང་ཟུར་ཆུ་མིག་རང་འཁྱིལ་སྒྲུབ་ཕུག་ལ།། ཕྱིན་པ་ཙམ་གྱིས་བདེ་སྐྱིད་ཉམས་བརྒྱ་འབར།། དེའི་ཟུར་ལྷ་རྟེན་ཚེ་ཐར་འཕུད་པའི་ས།། ནེའུ་སེང་སྨན་ལྗོངས་རྩི་ཐོག་ནེ་རས་ཁེངས།། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུས་བྱ་ར་བྱེད།། འོག་ཟུར་ཕྱི་རུ་གྱེར་མི་ཉི་འོད་ཅེས།། སྤྱང་འཕགས་ཆེན་པོ་དབལ་ཁྱུང་དུ་སྤྲུལ་ནས།། ཀླུ་བདུད་དམ་ལ་བཏགས་པའི་བཀའ་རྟགས་ཡོད།། གནས་ཀྱི་སྒོ་འཕར་ཁོང་གིས་དེ་དུས་ཕྱེས།། ལུང་པའི་ཕུག་སོ་བྲག་རོང་དོག་མོའི་སར།། བཞི་བརྒྱ་རྩ་བཞིའི་ནད་ཀུན་འཇོམས་པའི་གཤེད།། སྨན་སྣ་འདུས་པའི་ཆུ་ཚན་རང་ཁོལ་ཡོད།། བར་དོའི་འཕྲང་ཞེས་ཁུང་བུ་རིང་བོ་ལ།། གང་འཛུལ་ཚེ་འདིར་བར་ཆད་ཀུན་སེལ་ཞིང༌།། ཕྱི་མ་ལ་ཡང་བར་དོའི་འཇིགས་སྐྲག་གི།། སྣང་གསུམ་རང་སར་དག་ཅིང་ལྷར་འཆར་རམ།། སྟོང་རིག་མ་བུ་འཕྲད་ནས་བདེ་འགྲོ་བརྙེས།། བྱང་ཕྱོགས་རི་རྐང་རྩེ་གསུམ་ནོར་ལྷའི་རིར།། དབང་ཕྱུག་མགོན་པོ་རྣམ་གསུམ་རྟག་ཏུ་གནས།། དེ་ཉིད་མཆོད་ནའང་མི་ནོར་ཟས་གསུམ་འཕེལ།། མདུན་ཞོལ་ཐང་ཆེན་རྒྱ་ལོང་འཁྱིལ་འདྲའི་སར།། ཕན་བདེའི་འབྱུང་གནས་མདོ་སྔགས་ཟུང་འབྲེལ་གྱི།། བཤད་སྒྲུབ་བསྟན་པ་རྒྱས་པའི་འདུ་ར་ཞེས།། གཡུང་དྲུང་དར་རྒྱས་གླིང་གི་དགོན་སྡེ་ཆགས།། གནས་འདིའི་བྱིན་གྱིས་ཀུན་ལས་ཁྱད་འཕགས་ཀྱི།། མཁས་བཙུན་བཟང་གསུམ་འཛོམས་པ་མང་དུ་བྱོན།། གཡས་ཟུར་འགྲོ་མགོན་གྲུབ་ཐོབ་སྤྱང་འཕགས་ཀྱིས།། བྲག་སྲིན་དམ་ལ་བཏགས་པའི་སྟི་ར་ཡོད།། ཤར་ཕྱོགས་ཕར་བརྒལ་རི་ཡི་དཀྱིལ་ཐད་དུ།། འཇིགས་རུང་ཀླུ་བཙན་དམར་པོའི་སྒྲུབ་ཕུག་ཡོད།། ཆུ་རྒྱུད་མར་ཞབས་ཀླུ་བདུད་ཅི་གནས་པ།། དུས་ལ་བབ་ཚེ་དམ་པ་ཞིག་གིས་འདུལ།། གསང་མཆོག་གནས་ཆེན་ཉེར་བཞིའི་གྲལ་ཟིན་པའི།། ཤེལ་གྱི་བྲག་དཀར་གཡུང་དྲུང་རང་འཁྱིལ་གྱི།། དཀར་ཆག་དབྱིངས་ཉིད་མཁའ་འགྲོའི་ཞལ་ལུང་བཞིན།། གཏེར་སྤྲུལ་འོད་ཟེར་གླིང་བས་བཀོད་པ་ཉིད།། མ་ནོར་ངེས་པ་འདི་རུ་བྲི་བར་བྱ།། ༧ ཕ་ཝོང་དུང་དཀར་འདྲ་བ་ལ།། རྣམ་མཁྱེན་རྒྱལ་བའི་རིང་སྲེལ་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། སྐྱེ་མེད་ཡི་གེ་ཨ་དཀར་ཡོད།། དེ་རུ་མཛད་བཅུ་བསྟོད་ཕྲེང་སོགས།། བརྗོད་ན་ཕན་ཡོན་ལྷག་པར་ཆེ།། ༧ ཕ་ཝོང་ཟླ་ཚེས་འདྲ་བ་ལ།། གནམ་ལྕགས་དབལ་གྱི་ཕུར་བུ་དང༌།། ཀླུ་ལ་བོན་འཁོར་སྐོར་ཆོག་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། དྲན་པ་ནམ་མཁའི་ཞབས་རྗེས་ཡོད།། ཀླུ་མཆོད་ཀླུ་གཏོར་བྱས་གྱུར་ན།། ཚེ་ནོར་ལོངས་སྤྱོད་རྒྱས་པར་འགྱུར།། དྲན་པའི་བོན་སྒོ་གང་སྒྲུབ་མྱུར།། ༧ ཕ་ཝོང་དུར་ཕག་ཉལ་འདྲ་ལ།། གསང་སྔགས་ཀུན་འདུས་སྒྲུབ་སྐོར་ཡོད།། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས།། ཁྱེའུ་ལོ་བརྒྱད་སྤྲུལ་པའི་རྗེས།། ཕྱག་སྐོར་མཆོད་འབུལ་བྱེད་གྱུར་ན།། སྐྱེ་གནས་ངན་པའི་སྒོ་ཁེགས་ཤིང༌།། མཐོ་རིས་ཐར་པའི་ལམ་སྒོ་བརྙེས།། གསང་སྔགས་ལས་རྣམས་མྱུར་དུ་འགྲུབ།། ༧ བྲག་དམར་མཁར་ཁང་འདྲ་བ་ལ།། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས།། ཐན་སྣ་བརྒྱ་ཅུ་འདུལ་རྟགས་ལ།། སྟེང་དུ་རྔ་མོང་སྤྲུལ་རྗེས་ཡོད།། དེ་རུ་ཐན་བཟློག་བཅས་ན་མྱུར།། ཐན་སྣ་གང་གིས་མི་ཚུགས་སོ།། ༧ ཕ་ཝོང་སྐྱེས་པའི་སྙིང་འདྲ་ལ།། གནམ་ལྕགས་སེར་བའི་གཏེར་ཁ་དང༌།། དུག་ལྔ་གཅོད་བྱེད་རལ་གྲི་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས།། འདོད་འཇོ་བ་མོར་སྤྲུལ་རྗེས་ཡོད།། རྣམ་ལྔའི་མཆོད་པ་ཕུལ་གྱུར་ན།། དུག་ལྔའི་ས་བོན་དྲུང་ནས་འབྱིན།། ཕྱག་དང་སྐོར་བ་བྱས་གྱུར་ན།། གནམ་ལྕགས་སེར་བའི་གདུག་པ་ཞི།། གསུངས་པ་དེ་ནི་འདི་ཡིན་ནོ།། ༧ སེང་ཆེན་གནམ་ལ་མཆོང་འདྲའི་རྩེ།། གཡུ་ཤུག་གདུགས་འདྲའི་རྩ་བ་ན།། དབྱིངས་རིགས་ཆོས་ཀྱི་སྐོར་རྣམས་དང༌།། སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཡོད།། དམ་པའི་ཆོས་རྣམས་བསྒྲུབ་ན་མྱུར།། བསྒོམ་བསྒྲུབ་བྱིན་རླབས་དགུ་འགྱུར་ཆེ།། གསུངས་པ་དེ་ནི་འདི་ཡིན་ནོ།། ༧ བྲག་དམར་མེ་རི་འབར་འདྲ་ལ།། རྒྱ་བོན་ཟིང་བ་མཐུ་ཆེན་ཉིད།། རྫུ་འཕྲུལ་རྒོད་དུ་སྤྲུལ་པའི་རྗེས།། འདྲེ་སྲིན་ཆམ་ལ་དབབ་པའི་བོན།། ཤ་ཟན་མཁའ་འགྲོའི་སྒྲུབ་སྐོར་ཡོད།། དེ་རུ་མཆོད་པ་འབུལ་བ་དང༌།། བསྙེན་སྒྲུབ་སྐོར་ཕྱག་གང་བྱེད་དེར།། འདྲེ་སྲིན་གང་གིས་བསྐྱད་མི་ཚུགས།། མཁའ་ལ་རྒོད་ལྟར་འཕུར་བ་ནུས།། གསུངས་པའི་པ་དེ་འདི་ཡིན་ནོ།། ༧ ཕ་ཝོང་མཁར་ཁང་འདྲ་བ་ལ།། མཛེ་ནད་སེལ་བའི་བོན་སྐོར་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། ཞང་ཞུང་སད་ནེ་ཀའུ་ཡིས།། བྱོལ་སོང་གླ་བར་སྤྲུལ་པའི་རྗེས།། ཚན་ཆབ་མཆོད་པ་འབུལ་བ་ན།། མ་རིག་རྨོངས་པའི་སྒྲིབ་པ་འབྱང༌།། བྱོལ་སོང་སྐྱེ་སྒོ་ཆོད་པར་འགྱུར།། ཕྱག་དང་སྐོར་བ་བྱས་གྱུར་ན།། མཛེ་རིགས་ཀླུ་ཡི་ནད་རྣམས་སེལ།། ༧ ཅོ་བོན་གྱིམ་བུ་ལན་ཚ་ཡིས།། གནམ་ནས་འཕངས་པའི་ཕྲེང་བའི་རྗེས།། རྡོ་བ་ཀའུ་འདྲ་བ་ལ།། དྲག་པོ་ཐོག་གི་གཏེར་ཁ་ཡོད།། དེ་རུ་མཐུ་སྒྲུབ་བྱས་ན་མྱུར།། གསུངས་པའི་པ་དེ་འདི་ཡིན་ནོ།། ༧ རྟེན་གཏོར་འདྲ་བའི་ཕ་ཝོང་ལ།། ཆབ་ནག་སྲིད་པའི་བོན་སྐོར་དང༌།། གཤེན་པོ་རང་གླུད་འཇལ་ཐབས་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། རྟག་གཟིགས་ཟ་རང་མེ་འབར་གྱིས།། གཅན་ཟན་གཟིག་ཏུ་སྤྲུལ་པའི་རྗེས།། དངོས་འབྱོར་ཡིད་སྤྲུལ་མཆོད་འབུལ་ན།། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས།། བདེ་ཆེན་ཐར་བའི་ལམ་སྣེ་ཟིན།། ༧ བྲག་སྔོན་རྔ་གཤང་འདྲ་བ་ལ།། སློབ་དཔོན་པདྨ་འབྱུང་གནས་ཀྱིས།། རྫུ་འཕྲུལ་རྒོད་དུ་སྤྲུལ་བའི་རྗེས།། ཀླུ་གྲུབ་སྙིང་པོའི་སྐུ་འདྲ་ཡོད།། དཀར་གསུམ་མཆོད་པ་འབུལ་བ་ན།། ཀླུ་རིགས་རྣམས་ལ་དབང་བསྒྱུར་ནས།། ཀླུ་བདུད་དབང་དུ་བསྡུ་བར་འགྱུར།། ༧ བྲག་དམར་དུག་སྦྲུལ་འདྲ་བ་ལ།། རིན་ཆེན་འབྲུ་ཡི་གཏེར་ཁ་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། བྲག་ལ་ནས་འབྲུ་བབ་རྗེས་ཡོད།། དེ་རུ་ཚོགས་འཁོར་བསྐོར་བ་དང༌།། ཕྱག་སྐོར་བྱས་པས་དབུལ་ཕོངས་སེལ།། འདོད་ཡོན་ལོངས་སྤྱོད་འཕེལ་བར་འགྱུར།། གསུངས་པའི་པ་དེ་འདི་ཡིན་ནོ།། ༧ ཕ་ཝོང་ལྗོན་ཤིང་འདྲ་བ་ལ།། ས་བཅུའི་རྣམ་ཐར་ལོ་རྒྱུས་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། དབྱིངས་ནས་ཐུན་རྡོ་འཕངས་པའི་རྗེས།། འདི་རུ་ས་བཅུའི་སྨོན་ལམ་སོགས།། སྨོན་ལམ་གང་བཏབ་མྱུར་དུ་འགྲུབ།། ༧ ཕ་ཝོང་ཁྱུང་ཆེན་འདྲ་བ་ལ།། རྒྱལ་པོ་ཧ་ལ་ར་ཛ་ཡིས།། རྒྱལ་སྲིད་སྤངས་ནས་བོན་འཁོར་བསྐོར།། བཀའ་རྟགས་གཡུང་དྲུང་གཡས་འཁྱིལ་དང༌།། ཨཿདཀར་ཉི་ཟླ་སྐར་གསུམ་ཡོད།། ༧ བྲག་དམར་གླེགས་བམ་འདྲ་བ་ལ།། ཆོས་གཏེར་མཁའ་ཀློང་དབྱེར་མེད་ཡོད།། བཀའ་རྟགས་གཡུང་དྲུང་གཡོན་འཁྱིལ་ཡོད།། འདི་རུ་དམ་ཆོས་གང་སྒྲུབ་མྱུར།། ༧ རི་བོ་ཡིད་བཞིན་རྩེ་མོ་ན།། ཞང་ཞུང་སད་ནེ་ཀའུ་ཡིས།། གཅན་གཟན་སྟག་ལ་སྤྲུལ་བའི་རྗེས།། ༧ བྲག་དཀར་གཡུང་དྲུང་ཞེས་བྱ་བ།། ཡིད་བཞིན་ནོར་བུའི་ཚུལ་དུ་ཡོད།། གནོད་སྦྱིན་ཀུ་མ་ར་ཙའི་རི།། འདི་རུ་ནོར་ལྷ་ཕྱྭ་གཡང་སོགས།། བསྒྲུབ་ན་བྱིན་རླབས་དངོས་གྲུབ་མྱུར།། འདི་རུ་སྐྱེས་པའི་ཤུག་པ་རྣམས།། མི་ནུབ་རྒྱལ་མཚན་ཚུལ་དུ་ཡོད།། བྲག་ལ་གཡུང་དྲུང་རི་མོ་དང༌།། ངོ་མཚར་བཀའ་རྟགས་གྲངས་འདས་ཡོད།། ༧ རི་བོ་འདི་ཡི་བྱང་ཕྱོགས་ན།། ཕ་ཝོང་རུས་སྦལ་འདྲ་བ་ལ།། གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས།། རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། དབུ་དང་ཕྱག་གཉིས་རྗེས་ཡོད་དེ།། དེ་རུ་ཞང་ཞུང་བོན་སྐོར་དང༌།། བཀའ་སྲུང་རྒྱལ་པོ་བསྒྲུབ་ན་མྱུར།། ༧ ཕ་ཝོང་རལ་གྲི་གཤིབས་འདྲ་ལ།། གྲུབ་ཐོབ་སྤྱང་འཕགས་ཆེན་པོ་ཡིས།། ས་སྲིན་དབང་དུ་བསྡུས་རྟགས་ལ།། རྒོད་ལ་སྤྲུལ་བའི་ཞབས་རྗེས་ཡོད།། དེ་རུ་དབང་སྡུད་བསྒྲུབ་པ་ན།། བྱིན་རླབས་མཐུ་དབང་ཆེ་བར་འགྱུར།། གསུངས་པ་དེ་ནི་འདི་ཡིན་ནོ།། ༧ ཕ་ཝོང་སྤྲེའུ་འདྲ་བ་ལ།། གྲུབ་ཐོབ་སྤྱང་འཕགས་ཆེན་པོ་ཡི།། རྦ་སྨྱུག་ཚིགས་གསུམ་གཏེར་དུ་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། བྲག་ལ་ཐོག་དབྱུག་རྒྱོབ་རྗེས་ཡོད།། ༧ བྲག་སྔོན་གཡུ་འབྲུག་འདྲ་བ་ལ།། བྲག་བཙན་སྲོག་གི་སྒྲུབ་སྐོར་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། བྲག་ལ་གཡུང་དྲུང་རི་མོ་ཡོད།། འདི་རུ་བྲག་བཙན་བསྒྲུབ་ན་མྱུར།། ༧ ཕ་ཝོང་གྱང་མཁར་འདྲ་བ་ལ།། མཁའ་འགྲོ་ཀུན་འདུས་སྒྲུབ་སྐོར་ཡོད།། སྟེང་དུ་མི་འགྱུར་བཀའ་རྟགས་ལ།། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས།། ཕྱག་བྲིས་ཀ་མད་སུམ་ཅུ་ཡོད།། དེ་རུ་བསྙེན་སྒྲུབ་ལས་མྱུར་འགྲུབ།། དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ།། ཆུ་མིག་མེ་ལོང་འདྲ་བ་ལ།། ཀླུ་གྲུབ་ཡེ་ཤེས་སྙིང་པོ་ཡིས།། རྟག་ཏུ་ཀླུ་ལ་བོན་འཁོར་བསྐོར།། ཀླུ་མཆོད་ཀླུ་གཏོར་བཏང་གྱུར་ན།། ཀླུ་ཡི་ཕྲག་ཏོག་གདུག་རྩུབ་ཞི།། ཟས་ནོར་ལོངས་སྤྱོད་འཕེལ་བར་འགྱུར།། ཁ་ལ་རེག་ཚད་སྒྲིབ་པ་དག། མཐོ་རིས་ཐར་བའི་གོ་འཕང་ཐོབ།། མ་སྲིང་མཁའ་འགྲོའི་ལུང་ལས་སོ།། གནས་བདག་ནོར་བུ་གཡུང་དྲུང་སྤུངས་འཛིན་ཞེས།། སྐུ་མདོག་སེར་པོ་དུང་གི་ཁྲབ་རྨོག་ཅན།། གསེར་རྟའི་ཁྲི་སྟེང་མདུང་དར་ཁྲ་བོ་ཕྱར།། བཙུན་མོ་མཛེས་ལྡན་མི་ཡིས་གཡུ་འབྲུག་བཅིབས།། སྐུ་མདོག་དམར་སྨུག་མདའ་དར་ཚེ་བུམ་འཛིན།། འཁོར་དུ་ཡུལ་ས་ས་ཀླུ་གཏོད་ཀྱིས་བསྐོར།། ༧ གཞན་ཡང་བཀྲ་ཤིས་དགེ་མཚན་ཁྱད་མཚར་བའི།། ངོ་མཚར་བཀའ་རྟགས་མཆིས་སོ་འཚལ་ཐམས་ཅད།། མིག་སྔར་ཡི་གེ་འགོད་དུ་མ་བཏུབ་རུང༌།། མདོར་ན་ཕལ་བ་ཕལ་མོ་ཆེའི་སྣང་ངོར།། རི་བྲག་རྩི་ཤིང་ནགས་ཚལ་འདི་དག་ཀྱང༌།། མ་དག་ཀུན་རྫོབ་ཚུལ་དུ་སྣང་ནའང༌།། གང་ཟག་སྐྱེས་བུ་དམ་པའི་ཞལ་སྔ་ན།། སྣང་སྟོང་ཟུང་འཇུག་སྒྱུ་མའི་རོལ་བ་དངོས།། ཐམས་ཅད་ལྷ་དང་ལྷ་མོ་ཉིད་དུ་གྱུར།། ཡུལ་མཆོག་གནས་བཞིའི་དཀྱིལ་འཁོར་རིགས་བརྒྱའི་ཞལ།། ཡང་སྙིང་གཅིག་ཏུ་འདུས་ཏེ་ཁྱད་པར་འཕགས།། ལར་ནི་དད་པ་དག་ལ་རག་ལུས་པས།། སྙིང་ནས་དད་པས་ཕྱག་སྐོར་བྱེད་ནུས་ན།། ནད་ཡམས་མཚོན་འཁྲུག་མུ་གེའི་བསྐལ་བ་སོགས།། མི་མཐུན་རྐྱེན་ངན་གང་འབྱུང་གང་དེའི་ཆེད།། གང་དེས་འདི་ཕྱི་གཉིས་ཀ་གང་འདོད་པ།། མྱུར་དུ་འགྲུབ་པ་འདི་ལ་ཐེ་ཚོམ་མེད།། མནོ་རྒུའི་འབྱུང་གནས་ཡིད་བཞིན་ནོར་བུ་འདི།། བཀུར་ཤེས་གྱུར་ན་ཚེགས་མེད་མྱུར་དུ་འགྲུབ།། སོ་སྐྱེས་ཚུར་མཐོང་སྐྱེ་བོ་ཕོ་མོ་དག། ཕྱག་སྐོར་བྱས་པས་མི་བཟློག་ཅི་ཡང་མེད།། ཚེ་ནོར་ལོངས་སྤྱོད་རྒྱས་ལ་སྨོས་ཅི་དགོས།། ཁྱད་པར་བད་ཀན་ནད་ཀྱིས་གདུང་བདེ།། རྐྱང་ཕྱག་གཅིག་གིས་སྙུན་ལས་གྲོལ་བར་འགྱུར།། ལན་བཅུ་འཚལ་ན་ལས་ཉོན་གྱིས་བསྡུས་པའི།། ནད་གདོན་གང་ཡང་མིང་གི་ལྷག་མར་སྦྱོར།། གནས་འདིའི་ཕན་ཡོན་ཞིབ་ཏུ་བསྙད་པ་ལ།། དཔག་གིས་མི་དཔོག་གཞལ་གྱིས་མི་ལོང་ནའང༌།། མདོ་རུ་བསྡུས་ན་སྐོར་བ་ལན་གཅིག་དང༌།། ཀློང་རྒྱས་ཚར་བརྒྱ་དངོས་སུ་བཏོན་དང་མཉམ།། ལན་བཅུས་དང་པོ་རབ་དགའི་ས་ནོན་ཏེ།། བཅུ་ཕྲག་རེ་རེས་ས་རེ་ནོན་པས་ན།། གཅིག་ཕྲག་བརྒྱ་ཡིས་ས་བཅུ་རྒྱུན་མཐའ་ནོན།། དེ་བཞིན་རང་གིས་ནུས་ན་འཚང་རྒྱ་བར།། མི་རིང་ཉེ་བ་ཉིད་དུ་འགྲུབ་པར་འགྱུར།། ལྷག་པ་ཉ་སྟོང་ཚེས་བརྒྱད་ཉེར་གཉིས་ལ།། གནས་མཆོག་ཀུན་ལས་ཐུགས་རྗེའི་འོད་ཟེར་ནི།། ལུ་གུ་རྒྱུད་ཀྱི་དྲྭ་བའི་ཚུལ་དུ་སྦྲེལ།། ཕྱག་སྐོར་གང་བྱས་བྱིན་རླབས་བརྒྱ་འགྱུར་ཆེ།། སྒོས་སུ་ཁྱད་དུ་འཕགས་པའི་དུས་ཚིགས་ནི།། གནམ་ལོ་བྱ་ཡི་བཞིན་རས་ངོམ་པའི་མོད།། ལོ་ཀའི་ལྗོངས་འདིར་གནས་ཆེན་མཆིས་སོ་ཅོག། ལྷན་ཅིག་འཛོམས་པའི་བྱིན་རླབས་སྟོང་འགྱུར་ཆེ།། མཚམས་སྒྲུབ་ཕྱག་སྐོར་ལས་སོགས་ཅི་བགྱིས་ཀྱང༌།། དེ་སྲིད་ཕན་པའི་ཡོན་ཏན་བསམ་མཐའ་ཡས།། གང་དགོས་མནོ་རྒུ་འཇོ་ལ་གོར་མ་ཆག། དེ་ཕྱིར་ཡིད་ཆེས་དད་པས་སྐྱབས་སུ་བསྙེན།། ཕྱིས་སུ་རྩག་ཞིག་ཅེས་པའི་ས་ཕྱོགས་དེར།། བོན་གྱི་འདུ་ར་ཆགས་པའི་རྟེན་འབྲེལ་ཤར།། རབ་བྱུང་བཅུ་དྲུག་ནང་ཚན་ས་ཁྱི་ལོར།། བོན་ཆོས་གཉིས་ཀྱི་བསྟན་པ་རིན་པོ་ཆེ།། རིགས་དམན་རྒྱ་ཡིས་ལན་གཅིག་བསྣུབས་ན་ཡང༌།། ཕྱིས་སུ་གནས་དེར་ངེད་ཅག་དགོན་ཁག་ཀུན།། ལྷན་ཅིག་འཚོགས་པའི་མོལ་མཆིད་ཅི་ནས་བགྱིད།། འཕྲལ་དུ་མ་གྲུབ་ཅུང་ཙམ་འགྱང་ནའང༌།། ནམ་ཞིག་དཀོན་མཆོག་བདེན་པས་དུས་བབ་ཚེ།། གནས་མཆོག་འུག་གདོང་གཡས་ཟུར་ཨེ་དལ་དུ།། བླ་ཆེན་ཡབ་སྲས་ཡུམ་གྱི་རྣམ་པར་འཕྲུལ།། རྒྱལ་བསྟན་ཤེས་བློ་རིན་ཚེ་མིང་ཅན་གྱིས།། དགེ་ལེགས་ཕན་བདེའི་འབྱུང་གནས་བསྐྲུན་པའི་མོད།། ཀླུང་འདུས་ཁ་དྲག་ལ་ཧེའི་མཆོད་སྡོང་ཆེ།། ནད་བརྒྱར་མེ་ཚུགས་གཅིག་གིས་ཆོག་པ་གདབ།། རིགས་ངན་མི་སོགས་དབང་མེད་ཤུགས་ཀྱིས་འདུད།། བོན་གཤེན་དབུ་རྨོག་བ་དན་མཁའ་ལ་བསྒྲེང༌།། ཤེས་རབ་གསུམ་ལྡན་བསྡུ་བའི་དངོས་པོ་བཞིས།། འབྲེལ་ཚད་ཁ་ལོ་གྱེན་དུ་བསྒྱུར་བ་འབྱུང༌།། བོན་ཉིད་བདེན་པ་ཆེན་པོའི་ནུས་མཐུ་དང༌།། ཡུལ་མཆོག་གནས་བཞིའི་ཐུགས་རྗེའི་བྱིན་སྟོབས་དང༌།། ཡུ་བུ་ཅག་གིས་སྨོན་ལམ་བཏབ་པའི་མཐུས།། ནམ་ཞིག་དགེ་ལེགས་ཕན་བདེ་འབྱུང་བའི་གནས།། མདོ་སྔགས་ཉི་ཟླ་ཟུང་འབྲེལ་རྒྱལ་བའི་བསྟན།། སྨིན་གྲོལ་བོན་གྱི་རྒྱལ་མཚན་འཛུག་པར་ཤོག། རྣམ་མཁྱེན་རྒྱལ་བའི་བདག་རྐྱེན་ལས་འཕོས་པའི།། རྣམ་བཞིའི་ཕྲིན་ལས་འོད་སྟོང་འབར་པའི་གཟིས།། འགྲོ་བློའི་ཁམས་ཀུན་གསལ་དང་ལྷན་ཅིག་ཏུ།། དགེ་བཅུའི་པདྨོའི་ཁྱོན་ཀུན་བརྟས་འདི་རྨད།། རང་ལ་རང་གིས་ཤ་ཚ་སྙིང་རྗེ་ན།། མཐོ་རིས་ངན་སོང་གར་འགྲོ་སེམས་ལ་རག། རང་གི་སེམས་ལས་དབང་ཆེན་སུ་མེད་པས།། བདེ་རྒྱུ་དགེ་བ་མིན་པའི་གཞན་མ་མཆིས།། དམ་པའི་མཁྱེན་དཔྱོད་ཡོན་ཏན་མ་མཐོང་སྟེ།། རང་ལ་རྣམ་འབྱེད་ཤེས་རབ་མིག་ལྡོང་མོད།། སྒྲིན་བུ་རང་མཐོང་བྱིས་པའི་བློ་ཅན་འགས།། སྟོན་དུས་ཨ་མྲའི་འབྲས་བཞིན་སྨིན་ཚུལ་འཛིན།། དེ་འདྲའི་དོན་ལ་གཞལ་ན་ཡི་རྨུགས་སྐྱེ།།

སྐལ་བཟང་ལོ་ཀའི་ལྗོངས་འདིར་ལྷག་ན་ཡང༌།། སྐལ་དམན་བསམ་སྤྱོད་རྩིང་པོ་མཚན་སྐར་འདྲ།།
སྐལ་ལྡན་ཀུན་སློང་དག་པ་ཉིན་སྐར་བཞིན།། སྐལ་མེད་ལོག་ལྟ་ཅན་ལ་ཨུ་ཡ་སྨྲར།།

མ་རིག་བདག་འཛིན་ཉོན་མོངས་ལིང་ཏོག་གིས།། དམུས་ལོང་བཤེས་བྲལ་ཐང་དཀྱིལ་འཕྱན་པའི་ཚོགས།།
རྣམ་དཔྱོད་རྣོན་པོའི་དཀྱུས་རིང་སྤྱན་ལྡན་དེས།། གོལ་མེད་ལམ་དུ་ཁྲིད་ན་ཅི་མ་རུང༌།།

འཇིགས་རུང་གསུམ་གྱིས་མནར་བའི་མ་རྒན་འགྲོ།། རིས་སུ་མ་ཆད་ཡོ་ཀ་ཕྱམ་ཅིག་ཏུ།།
བོན་ཉིད་ཆེན་པོའི་ལྷུམས་སུ་གཟུད་པའི་སླད།། བྱང་ཆུབ་སེམས་གཉིས་འབྱོངས་ལ་ཅི་ནས་རེམས།།

སྔོན་ཐལ་མཁས་མང་རིམ་པར་བྱོན་ན་ཡང༌།། གནས་འདིའི་དཀར་ཆག་བཏང་སྙོམས་ཚུལ་དུ་ལུས།།
དེང་སྐབས་ཁོ་བོའི་ཡིད་ཤེས་མེ་ལོང་ངོགས།། ནང་ཚུལ་གཟུགས་བརྙན་འདི་ལྟར་ལྷང་ངེ་ཤར།།

གཞན་ཕན་སེམས་ཀྱིས་འདི་ལྟར་བྱས་ནའང༌།། བདག་བློ་རྨོངས་པ་མ་རྟོགས་ལོག་བཤད་ཀྱིས།།
མངོན་སྣང་བདེན་པའི་དོན་ལས་འགོངས་སྲིད་ན།། དེ་སོགས་ཉེས་ཀུན་རྩ་གསུམ་ལྷ་ལ་མཐོལ།།

རྣམ་དཀར་འདིས་མཚོན་ལེགས་པའི་ཆ་མཆིས་ན།། དགེ་ཚོགས་མཁའ་གླང་སྟུག་པོའི་སྤྲིན་ཟེགས་ཀྱིས།།
གདུལ་བྱའི་ཞིང་ས་བྱང་སེམས་རྒྱུད་བརླན་ཏེ།། བླ་མེད་མཆོག་གི་མྱུ་གུ་སྨིན་ཕྱིར་བསྔོ།།

ཕེ་ཤ་ལྷར་བཅས་སྐྱེ་རྒུ་ཡི་རངས་གནས།། འཛམྦུ་ཏྲིཀྴས་མཚོན་པའི་ལྷོ་གླིང་འདིར།།
ཕུན་ཚོགས་གསུམ་གྱིས་བྱིན་པའི་རྟེན་འདིའི་ཐོག།ཧ་ལར་སྨིན་པའི་ལེགས་བྱས་ཅི་མི་རྩོམ།།

སུ་ཡང་རུང་སྟེ་ཕྱག་སྐོར་བྱས་པའི་མཐུས།། ཚེ་འདིར་གནོད་བྱེད་གང་གིས་མི་ཚུགས་ཤིང༌།།
ཕྱི་མ་འཁོར་བའི་དྲི་མ་དང་བྲལ་ཏེ།།མཁའ་འགྱིང་དཀར་པོའི་གོ་འཕང་ཐོབ་པར་ཤོག།

ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྱང་བའི་ཚེ།།བདག་ལྟ་གཉིས་བྲལ་ནོར་གཉིས་རྣངས་སུ་རེག།
མཁྱེན་བརྩེ་གཉིས་ལྡན་དོན་གཉིས་རྩེར་ཆིབས་པའི།། གཟིགས་པ་གཉིས་ལྡན་སྐུ་གཉིས་འབྲས་ཐོབ་ཤོག།

སྐྱེ་བ་གནས་བཞིའི་སྒོ་མོ་འགེགས་པའི་ཕྱིར།།བློ་ལྡོག་བོན་བཞིས་རང་གི་རྒྱུད་བཏུལ་ཏེ།།
སྤྱོད་ལམ་རྣམ་བཞིར་དགེ་སྦྱོར་དང་འདྲེས་ཤིང༌།།གདོད་མའི་སྐུ་བཞིའི་རྒྱལ་ས་ཟིན་པར་ཤོག།

སྲིད་གསུམ་ཡིད་ཅན་སྐྱོ་བའི་མཐུ་བོ་ཆེ།།སྲིད་དང་ཞི་ལ་མི་གནས་སྲིད་ཞིའི་མགོན།།
སྲིད་པ་ཧྲུལ་པོར་སྦྱོར་བའི་དཀོན་མཆོག་གསུམ།།སྲིད་མཐའི་བར་དུ་གནས་པའི་བཀྲ་ཤིས་ཤོག།

གང་དེར་བརྟེན་ནས་མཐའ་ཀླས་འགྲོ་བ་ཀུན།།ཀུན་སློང་རྣམ་དག་བྱང་ཆུབ་སེམས་གཉིས་ཀྱིས།།
ཞི་བདེའི་དཔལ་ལ་སྦྱོར་བའི་ལས་རྩོམ་སྟེ།།སྣང་སེམས་ལྷ་སྐུར་གྲོལ་བའི་བཀྲ་ཤིས་ཤོག།

   ཅེས་གནས་ཆེན་ཉེར་བཞིའི་ནང་ཚན་ཕལ་སྐད་དུ་བྱ་དུར་གསོལ་བའི་དཀར་ཆག་མཐོང་བ་དོན་གསལ་འཇའ་འོད་ལུ་གུ་རྒྱུད་ཀྱི་དྲྭ་བ་ཞེས་བྱ་བ་འདི་སྡེ་སྣོད་ཤེས་བྱའི་གནས་ལ་བློ་ཁྱོན་ཡངས་པའི་གཏེར་ལྡན་དབང་ཕྱུག་དང༌། དགེ་བའི་བཤེས་སུ་གྱུར་བའི་རིག་གྲོལ་ཤེས་རབ་མཐར་ཕྱིན་དང༌།། གཞན་ཕན་བྱང་ཆུབ་སེམས་དང་ལྡན་པའི་དགེ་སྦྱོར་བློ་བཟང་རྒྱ་མཚོ་དང༌། བཅུ་ཕྲག་རིག་པའི་གནས་ལ་དོན་གཉེར་མཆོག་ཏུ་བསྟར་བའི་ལུང་རིགས་སྙན་གྲགས་སོགས་གྲྭ་སློབ་མང་པོས་དར་དཀར་གྱིས་རྒྱུད་ནས་ཡང་ཡང་ནན་བསྐུལ་མཛད་པ་ལ་བརྟེན་ཏེ། དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་གི་རབ་འབྱམས་པ་འགྲུ་རིགས་ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱ་མཚོ་འམ་བརྡ་སྤྲོད་པའི་ལུང་ལས་སྨྲ་ དབང་ཀུན་དགའ་རང་གྲོལ་འབོད་པ་དེས་རང་ལོ་དོན་དྲུག་ཁྲོ་མོའམ་ཀུན་དགའ་ཞེས་པ་ཤིང་འབྲུག་ལོར་དཔྱིད་ཟླ་ཐ་ཆུང་གི་དམར་ཕྱོགས་རྒྱལ་བ་དང་པོ་ལྷག་པ་ལྷ་མཚམས་འགྲུབ་སྦྱོར་འཛོམས་པའི་གདུགས་ལ་དཀར་ཆག་དང་མཁའ་འགྲོའི་ ཞལ་ལུང་བཞིན་དུ་བསྐྲུན་པ་འདིས་ཀྱང་འགྲོ་ཀུན་དགེ་བའི་ཁ་ལོ་གྱེན་དུ་བསྒྱུར་བར་ནུས་པའི་རྒྱུ་རུ་འགྱུར་བར་ཤོག་ཅིག་གུ།། །།