སྡོམ་པའི་སྐོར་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་མ།

 དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་བཀའ་སློབ་སྡོམ་པའི་སྐོར་དང་འབྲེལབ་འི་བཀའ་སློབ་ལམ་སྟོན་མ།
2000.jpg

༼དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་གིས་ཕབས།༽

   དེ་ཡང་ཅི་སྐད་དུ། སྟོན་པ་གཤེན་རབ་མི་བོ་ཆེའི་ཞལ་ནས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་སྡོམ་པ་མེད། །ཅེས་དང་། བསྲུངས་པའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཞེས་གསུངས་པ་ལྟར་ལུས་ངག་ཡིད་གསུམ་གྱི་སྒོ་གང་ཡིན་རུང་རང་འདོད་ལྟར་མ་སོང་བ་མི་དགེ་བའམ་མི་བདེ་སྡུག་བསྔལ་རྒྱུར་གྱུར་བའི་ལས་རྣམས་སྡོམ་པ་ལ་སྡོམ་པ་ཞེས་གྲགས་ལ། དེ་ནས་ནང་བ་སངས་རྒྱས་པའམ་གཡུང་དྲུང་བོན་གྱི་སྒོར་བཞུགས་པ་ལ་ཐོག་མ་སྐྱབས་འགྲོ་ལྡན་དགོས་ལ། སྐྱབས་འགྲོ་ལྡན་པ་ལ་སྐྱབས་འགྲོའི་སྡོམ་པ་ལྡན་དགོས་པ་གོང་ཞུས་ལྟར་སྟོན་པའི་ཞལ་ནས་དངོས་སུ་གསུངས་པར་ལྟར་རེད། དེ་ཕྱིར་སྐྱབས་འགྲོའི་སྡོམ་པ་ལ། ཐོག་མར་སྐྱབས་གནས་ཡུལ་ངོས་ཡག་པོ་འཛིན་དགོས་ཏེ། སངས་རྒྱས་བོན་དང་སེམས་དཔའི་ཚོགས་རྣམས་ལ། །གུས་པ་ཆེན་པོ་བདག་ནི་སྐྱབས་སུ་མཆི། །ཞེས་པ་ལྟར། སངས་རྒྱས་དཀོན་མཆོག་དང་བོན་དཀོན་མཆོག སེམས་དཔའི་དཀོན་མཆོག་བཅས་གསུམ་མམ། དེ་སྟེང་བླ་མ་བསྣན་པའི་ཡུལ་མཆོག་གནས་བཞི་ཞེས་སུ་གྲགས།
སངས་རྒྱས་དཀོན་མཆོག་ནི། སྤངས་རྟོག་མཐར་ཕྱིན་པ་ལ་ཟེར། དེ་ལ། ༡༽སྐུའི་ཡོན་ཏན་ལ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་སོགས་ལྡན་ལ། ༢༽གསུང་གི་ཡོན་ཏན་ལ། གསུང་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་རྫོགས་པ། ༣༽ཐུགས་ཀྱི་ཡོན་ཏན་ལ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན། རྫོགས་པའི་ཡོན་ཏན་སོགས་མཐའ་ཡས་པ་མངའ་བའོ། །
བོན་དཀོན་མཆོག་ནི། རྒྱལ་བའི་གསུང་རབ་དང་འགོག་ལམ་གཉིས་གང་རུང་གིས་བསྡུས་པ་ལ་ཟེར། དེ་ལ། ༡༽ངོ་བོའི་ཡོན་ཏན་ལ། དོན་དམ་པར་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་ལས་མི་གཡོ་བའི་གཡུང་དྲུང་། ཀུན་རྫོབ་ཏུ་བོན་ཅན་འགག་པ་མེད་པ་སྒྲ་ཚིག་ཡི་གེའི་རྣམ་པར་ཤར་བས་དྲུང་དང་། དེའང་གྱེར་གྱི་སྒྲ་ལས་དྲངས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཇུག་པའི་རྩ་བའི་ས་བོན་ལྟ་བུ་ཡིན་པས་བོན་དང་། སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཐབས་བླ་ན་མེད་པས་མཆོག་དང་། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དམ་འབྱུང་གནས་ཡིན་པའི་ཡོན་ཏན་ལྡན། ༢༽བྱེད་ལས་ཀྱི་ཡོན་ཏན་ནི། ཡི་གེ་གཅིག་གིས་རྣམ་འགྱུར་དུ་མར་འཕྲུལ་ཆོག་པའི་འཕྲུལ་གྱི་ཡི་གེ་དེས། བརྡ་སྤྲོད་མི་ཤེས་པའི་ལྐུགས་པ་ཁ་འབྱེད་པ་དང་འཁོར་བའི་འཇིགས་པ་མཐའ་དག་ལ་སྐྱོབ་པ་དང་། རྒྱུ་སེམས་ཅན་ལས་འབྲས་བུ་སངས་རྒྱས་མངོན་དུ་བྱེད་པ་དང་། དོན་དམ་པ་གསལ་བར་སྟོན་པས་མ་རིག་གི་མུན་པ་སེལ་བ་དང་། དགེ་སྡིག་བླང་དོར་གྱི་ལམ་དུ་མ་ནོར་བ་ཚུལ་བཞིན་དུ་འཇུག་པར་བྱེད་ཅིང་། སངས་རྒྱས་ཀྱི་གསུང་དངོས་སུ་གྲགས་པའི་ཡོན་ཏན་ལྡན།
སེམས་དཔའ་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་དམ་ཅི་རིགས་དང་ལྡན་པ་ལ་ཟེར། ཡོན་ཏན་ལ། གཤེན་རབ་རྣམ་རྩོད་པ་དང་། རང་རྟོགས་གཤེན་རབ་པ་དང་གཡུང་དྲུང་སེམས་དཔའ་སྟེ། ཐེག་པ་གསུམ་གྱི་གཤེན་རབ་རྣམས་ནི་འཁོར་བ་ལས་ངེས་པ་འབྱུང་བའི་བློ་དང་། ཐར་པ་ལ་བྲོད་པའི་བློ་དང་། ལམ་གྱི་བདེན་པ་རྟོགས་པའི་བློ། འཁོར་བ་ལ་ཕྱིར་མི་ལྡོག་པའི་བློ་བཞི་དང་ལྡན་པ་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་གཤེན་རབ་བམ་རྒྱལ་སྲས་གཡུང་དྲུང་སེམས་དཔའ་རྣམས་ནི། སེམས་ཅན་གཞན་ལ་དམིགས་པའི་སྙིང་རྗེ་དང་། བྱམས་པ་དང་། དགའ་བ། བཏང་སྙོམས། ལྷག་བསམ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་གང་བར་སྟོན་ཅིང་། དེ་དག་དད་པ་ལ་སོགས་པའི་འཕགས་པའི་ནོར་མཆོག་བདུན་གྱི་དབང་ཕྱུག་ཏུ་གྱུར་པའི་ཡོན་ཏན་སོགས་ལྡན།
དེ་ལས་གཞན་ཡང་། ཕྱིའི་སྐྱབས་ཡུལ་ཡུལ་མཆོག་གནས་བཞི་དང་། ནང་གི་དམིགས་པ་སྒོ་བཞི། གསང་བ་ཤེས་རབ་རྒྱུན་བཞི། ཡང་གསང་སྐྱབས་འགྲོ་ཕྱག་རྒྱ་གཟེར་བཞི་བཅས་ཀྱང་བསྟན་པ་ཡོད།
སྐྱབས་འགྲོའི་བསླབ་བྱ་ལ། ༡༽ཐུན་མོང་གི་བསླབ་བྱ་གསུམ་ལ། ངེས་པར་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དྲན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དེ་དག་ཐམས་ཅད་འབྱུང་གནས་བོན་དཀོན་མཆོག་ཡིན་པས་ཉམས་སུ་བླངས་པ། ཡོན་ཏན་དེ་འཐོབ་པར་འདོད་ནས་སྒྲུབ་པ་པོ་ནི་གཤེན་རབ་བམ་སེམས་དཔའ་དཀོན་མཆོག་ཡིན་པ་སོགས་དུས་རྟག་ཏུ་དྲན་པར་བྱས་ལ་བསླབ་བྱ་ཕྲ་མོ་ཙམ་ལའང་མི་འགལ་བ་ཞིག་དགོས། ༢༽ཐུན་མོང་མ་ཡིན་པའི་བསླབ་བྱ་གསུམ་ལ། སངས་རྒྱས་ལ་སྐྱབས་སུ་སོང་ན་ལྷ་གཞན་ལ་ཕྱག་མི་བྱ། བོན་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་གནོད་སེམས་དང་འཚེ་བ་སྤང་། གཤེན་རབ་དང་བླ་མ་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་ཅན་མི་བསྟེན་པ་བཅས་དང་། ༣༽ཆ་མཐུན་གྱི་བསླབ་བྱ་གསུམ་ལ། སངས་རྒྱས་ལ་སྐྱབས་སུ་སོང་ན་སྐུ་གཟུགས་ལ་མོས་པར་བྱ། བོན་ལ་སྐྱབས་སུ་སོང་ན་གླེགས་བམ་ལ་གུས་པ་བྱ་ཞིང་འགོམ་པ་མི་གཏོང་། གཤེན་རབ་བམ་སེམས་དཔའ་ལ་སྐྱབས་སུ་སོང་ན་བླ་མ་དང་གང་ཟག་ལ་མོས་པ་སོགས་བྱ།
སྐྱབས་སུ་འགྲོ་བའི་ཡོན་ཏན་ནི། ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། ཐར་པའི་ས་བོན་འདེབས་པ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། སྔོན་བསགས་ཀྱི་ལས་སྒྲིབ་རྣམས་སྲབ་ཅིང་ཟད་པ་དང་། ཕྱི་ཆད་མི་དགེ་བའི་ཚོགས་ལས་རིང་དུ་བྱེད་པ་དང་། གནས་སྐབས་སུ་ངན་སོང་གི་འཇིགས་པ་ལས་སྐྱོབས་པ་དང་། ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །
དེ་ལས་གཞན་མི་དགེ་བའི་བཅུ་སྤངས་པ་སྟེ། དྲང་བ་དོན་གྱི་མདོ་ལས། མ་བྱིན་ལེན་དང་མི་ཚངས་སྤྱོད། །སྲོག་གཅོད་བྱེད་པ་ལུས་ཀྱི་སྡིག །རྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་འཁྱལ་སྨྲ་བ་ངག་གི་སྡིག །མངན་སེམས་དང་ནི་གནོད་སེམས་དང་། །ལོག་པར་ལྟ་བ་ཡིད་ཀྱི་སྡིག །ཅེས་པ་ལྟར། ༡༽ སྲོག་གཅོད་པ་ལ། དཔའ་བོ་གཡུལ་འཐབ་ནས་དགྲ་གསོད་པ་ལྟ་བུ་ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང་། ཤ་ཟ་འདོད་པགས་གོན་འདོད་ནས་ར་ལུག་གསོད་པ་ལྟ་བུ་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། དགེ་སྡིག་གི་རྒྱུ་འབྲས་མི་ཤེས་པའམ་མུ་སྟེགས་པ་ལྟ་བུ་དགེ་བར་རློམས་ནས་གསོད་པ་གཏི་མུག་གི་སྒོ་ནས་སྲོག་གཅོད་པ་དང་གསུམ་ལྟ་བུ། ༢༽ མ་བྱིན་པ་ལེན་པ་ལ། མི་བཙན་པོ་རྒྱལ་པོ་ལྟ་བུ་ཐོབ་ཐང་གིས་ལེན་པ་མ་ཡིན་པ་ཐོབ་མེད་ཀྱི་བཙན་བཙུགས་བྱས་ནས་འཕྲོག་པ་དང་། མི་མང་པོའི་དཔུང་ཤེད་ཀྱི་སྒོ་ནས་དངོས་སུ་འཕྲོག་པ་སོགས་མཐུས་ལེན་པ་དང་། རྐུན་པོ་ལྟ་བུ་སྟོབས་ཤེད་མེད་པ་རྣམས་ཀྱིས་བདག་པོས་མི་མཐོང་སར་ནས་ཡོ་བྱད་བླངས་ཏེ་རང་གིར་བྱས་པ་སོགས་འཇབ་བུས་ལེན་པ་དང་། ཚོང་ལ་སོགས་པའི་སྐབས་སུ་རྫུན་གཏོང་ནས་ཕ་རོལ་བ་བསླུས་ཏེ་རྒྱུ་རྫས་བླངས་པ་དང་། བྲེ་ལོག་དང་སྲང་ལོག་འཛུགས་པ་སོགས་ཀྱིས་གཞན་གྱི་རྒྱུ་རྫས་བདག་གིར་བྱེད་པ་སོགས་གཡོ་སྒྱུས་ལེན་པ་དང་གསུམ་ལྟ་བུ། ༣༽ལོག་གཡེམ་ལ། ཕ་མ་གཅིག་པའི་བུ་མིང་སྲིང་ལྟ་བུ་རིགས་ཀྱིས་བསྲུངས་པ་དང་། བག་མར་སོང་ནས་ཁྱོ་པོས་བདག་ཏུ་བྱས་པ་ལྟ་བུ་བདག་པོས་བསྲུངས་པ་དང་། སྡོམ་པ་ལྡན་པའི་རབ་བྱུང་མ་སོགས་ཁྲིམས་ཀྱིས་བསྲུངས་པ་ལ་ལོག་པ་གཡེམ་པ་དང་གསུམ་ལྟ་བུ། ༤༽ རྫུན་ལ། གཞན་བསླུ་བའི་བསམ་པ་མེད་ཀྱང་རང་བཞིན་དུ་ཀུ་རེ་ལྟ་བུའི་གཏམ་མི་བདེན་པར་སྨྲ་བ་རང་གཞན་གཉིས་ཀ་ལ་ཕན་གནོད་མེད་པའི་རྫུན་དང་། གཞན་བསླུ་བའི་བསམ་པ་དང་བཅས་པའི་གཏམ་མི་བདེན་པ་སྨྲ་བ་རང་གཞན་གཉིས་ཀ་ལ་ཕན་གནོད་ཡོད་པའི་རྫུན་དང་། མ་མཐོང་བ་མཐོང་། ས་མ་ཐོབ་པ་ཐོབ་ཟེར་བ་ལྟ་བུ་ལམ་འབྲས་ཀྱི་ཡོན་ཏན་རང་ལ་མེད་བཞིན་ཡོད་པར་སྨྲ་བ་བླ་མར་སྨྲ་བའི་རྫུན་དང་གསུམལྟ་བུ། ༥༽ཕྲ་མ་ལ། མི་དབང་ཡོད་པོ་ཕལ་གྱིས་མི་གཉིས་དངོས་སུ་བཙན་ཚིག་གིས་འབྱེད་པར་བྱེད་པའི་བཙན་ཕྲ་དང་། མི་ཡིད་མཐུན་པ་གཉིས་གཅིག་གི་དྲུང་དུ་སོང་སྟེ་གཅིག་དེས་ཁྱོད་ལ་འདི་དང་འདི་བཞིན་སྐྱོན་བཏགས་ཀྱིན་འདུག་ཅེས་ཟེར་བ་ལྟ་བུ། དེ་གཉིས་ཕྲ་མས་འབྱེད་པར་བྱེད་པའི་ལྐོག་ཕྲ་དང་། དངོས་སུ་ཕྲ་མ་མ་བྱས་ཀྱང་གཞན་ཞིག་དང་སྡོང་ནས་ཐབས་ཀྱིས་དེ་གཉིས་མི་མཐུན་པར་བྱེད་པའི་གཞོག་ཕྲ་དང་གསུམ་ལྟ་བུ། ༦༽ ཚིག་རྩུབ་ལ། མིག་ཞར་བ་དང་རྣ་བ་འོན་པ་སོགས་ལ་ལོང་བ་དང་རྣ་འོན་ཞེས་མངོན་དུ་འབོད་པ་ལྟ་བུ་དངོས་སུ་ཚིག་རྩུབ་དང་། གཞན་ལ་ཕྲིན་བསྐུར་བྱས་པའི་སྒོ་ནས་ཕ་རོལ་པའི་རྒྱུད་འཁྲུགས་པར་བྱེད་པ་རྒྱུད་ནས་ཚིག་རྩུབ་དང་། ཚིག་རྩུབ་མོ་མིན་ཀྱང་ཚིག་འཇམ་པོས་སྒོ་ནས་གཞན་གྱི་ཡིད་མི་བདེ་བར་བྱེད་པ་གཞོལ་ཏེ་ཚིག་རྩུབ་དང་གསུམ་ལྟ་བུ། ༧༽ ངག་ཀྱལ་ལ། གཞན་ངག་གི་ལས་གོང་མ་གསུམ་པོར་མ་གཏོགས་པའི་བག་མེད་ཀྱི་གཏམ་མང་པོ་སྨྲ་བ་རང་བཞིན་གྱི་ངག་འཁྱལ་དང་། ཚོགས་གྲལ་དང་དབང་གྲལ་ལྟ་བུ་གཏམ་སྨྲ་བའི་སྐབས་མ་ཡིན་ཀྱང་ཁྱད་དུ་བྱས་ནས་གཏམ་སྨྲ་བ་ཁྱད་དུ་ངག་འཁྱལ་དང་། གླུ་སྒྲུང་ལ་སོགས་ལོག་པའི་ངག་འཁྱལ་དང་གསུམ་ལྟ་བུ། ༨༽མངན་སེམས་ལ། ཕ་རོལ་པའི་རྒྱུ་རྫས་ཡིད་དུ་འོང་བ་ལ་དེ་ངའི་ཡིན་ན་དགའ་བ་ལ་སྙམ་དུ། ཡང་དང་ཡང་དུ་ཡིད་ཀྱིས་བདག་གིར་བྱེད་པ་དང་། འདི་ལ་འདི་ལྟ་བུའི་དཔལ་འབྱོར་མེད་ན་ཅི་མ་རུང་སྙམ་དུ་བརླག་དགའི་ཞེ་ངན་པ་འཆང་བ་དང་། དེ་གཉིས་ཀ་དུས་གཅིག་ཏུ་སྐྱེས་པའི་མངན་སེམས་དང་གསུམ་ལྟ་བུ། ༩༽ གནོད་སེམས་ལ། གཞན་གནོད་པ་བྱེད་པ་ལ་སྡང་བའི་སེམས་ཀྱིས་ངས་འདི་ལ་གནོད་པ་ཅུང་ཟད་ཙམ་མམ། དེ་ལས་ཀྱང་བརྡེག་པ་དང་གསོད་པ་སོགས་གྲུབ་ན་ཅི་མ་རུང་སྙམ་པ་ཞེ་སྡང་གི་ཆ་ལས་གྱུར་པ་དང་། དེ་ལ་ཆེ་སྙན་དང་བདེ་སྐྱིད་ལ་སོགས་ཡོད་པ་འདུག་ན་འདི་ཙམ་དུ་མ་བདེ་ན་མ་སྐྱིད་ན། འདི་ལ་ཡོན་ཏན་འདི་ལྟ་བུ་མེད་ན་སྙམ་པ་ཕྲག་དོག་གི་ཆ་ལས་གྱུར་པ་དང་། སྔར་གནོད་པ་བྱས་པ་མི་བརྗེད་པར་དེ་ལ་ངན་ལན་འདོག་པ་འདོད་པ་འཁོན་འཛིན་གྱི་ཆ་ལས་གྱུར་པའི་གནོད་སེམས་དང་གསུམ་ལྟ་བུ། ༡༠༽ དགེ་བ་ལ་ཕན་ཡོན་མེད། སྡིག་པ་ལ་ཉེས་དམིགས་མེད་དོ་སྙམ་པ་ལས་འབྲས་ལ་ལོག་པར་ལྟ་བ་དང་། དུས་གསུམ་བདེ་གཤེགས་ལ་སྐྱབས་སུ་མི་འཛིན་པའི་སྒོ་ནས་རྒྱབ་ཀྱིས་ཕྱོགས་པ་དཀོན་མཆོག་ལ་ལོག་པར་ལྟ་བ་དང་། ཕྱི་པ་མི་སྟེགས་བྱེད་ཀྱི་གྲུབ་མཐའ་འཛིན་པའི་ཕྱི་རོལ་གྱི་སྟོན་པ་བཅུ་གཉིས་ལྟ་བུ་བདེན་པ་ལ་ལོག་པར་ལྟ་བ་དང་གསུམ་ལྟ་བུ་བཅས་མི་དགེ་བའི་སྡིག་བཅུ་རྣམས་སྤངས་པ་བྱའོ། །
གཞན་ཡང་ཕྱི་སོ་སོར་ཐར་བའི་སྡོམ་པ་དང་། ནང་བྱང་ཆུབ་སེམས་དཔའི་སྡོམ་པ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་བཅས་ཡོད།
ཕྱི་སོ་སོར་ཐར་པའི་སྡོམ་པ་ལ། བསྙེན་གནས་དང་། དགེ་བསྙེན། གཙང་གཙུག དྲང་སྲོང་གི་སྡོམ་པ་བཅས་བསྟན།
དང་པོ་བསྙེན་གནས་ཀྱི་སྡོམ་པ་ལ། རྩ་བ་བཞི་སྤངས་པ་དང་ཡན་ལག་བརྒྱད་ནི་ཁ་ཟས་སྡེ་བཞི་དང་། ལུས་མ་དག་པའི་སྤྱོད་པ། ངག་མ་དག་པའི་སྤྱོད་པ། གཞན་ལ་གཡོ་སྒྱུ་སྤྱོད་པ། རྒྱན་གྱི་རིགས་བཅས་སྤངས་པའི་བསྙེན་གནས་སོགས་སོ། །
གཉིས་པ་དགེ་བསྙེན་གྱི་སྡོམ་པ་ལ། སྣ་གཅིག་དགེ་བསྙེན་དང་། སྣ་འགའ་དགེ་བསྙེན། ཕལ་ཆེར་བསྲུངས་པའི་དགེ་བསྙེན། ཡོངས་སུ་རྫོགས་པའི་དགེ་བསྙེན། ཚངས་པར་སྤྱོད་པའི་དགེ་བསྙེན་བཅས་སོ། །
གསུམ་པ་གཙང་གཙུག་གི་སྡོམ་པ་ལ། མི་དགེ་བའི་སྡེ་བཅུ། ཁ་ཟས་སྡེ་བཞི། སིལ་བུའི་སྡེ་གསུམ། ཁྲི་སྟན་སྡེ་གསུམ། བཞར་བྲེག་གི་རྗེས་བསྲུང་། ཁྲུས་ཀྱི་རྗེས་བསྲུང་། གོས་ཀྱི་རྗེས་བསྲུང་། རྫས་ཀྱི་རྗེས་བསྲུང་བཅས་གཙང་གཙུག་གི་སྡོམ་པ་ཉེར་ལྔ་ལྡན་པའི་གཙང་གཙུག་པའོ། །
བཞི་བ་དྲང་སྲོང་གི་སྡོམ་པ་ལ། ཕྱིའི་ཚུལ་ལྔ་སྟེ། ༡༽བཞར་བྲེག་གི་རྗེས་སྲུང་ལ། རབ་ཏུ་བྱུང་བའི་སྐྲ་དང་ཨག་ཙོམ་བཞར་ཏེ། སྐྲ་ནི་དགོན་པར་སོར་གཉིས་དང་གྲོང་ཡུལ་དུ་ཕྱེད་དང་གཉིས་ལ་བཞར་བ་བྱེད་དོ། །སྣའི་སྤུ་ཡང་བཏོག་ཅིང་སེན་མོ་རྣམས་ཀྱང་རིངས་པོར་མི་བཞག་པར་ཟླུམ་པོར་བྲེག་ལ་བྲེག་རུལ་རྣམས་ནི་སཱ་ཙྪ་གདབ་པའམ་དབེན་པར་སྦའོ། །༢༽ཁྲུས་ཀྱི་རྗེས་སྲུང་ལ། ཁྲུས་སྩོགས་ཆུ་ལ་ལོངས་སྤྱོད་པའི་ཚེ་ཆུའི་སྟེང་འོག་བར་གསུམ་དུ་ཞིབ་བརྟགས་གནང་ནས་སྲོག་ཆགས་མེད་ངེས་བྱས་ཏེ་ཆུ་ལོངས་སུ་སྤྱོད་པ་དང་། དེ་བཞིན་སྐམ་ལ་གནས་པའི་སྲོག་ཆགས་ལའང་དེ་བཞིན་དུ་གནོད་པ་མི་བྱའོ། །༣༽ གོས་ཀྱི་རྗེས་སྲུང་ལ། ཀུན་བཏུས་ལ། ནབ་བཟའ་གོས་དྲུག་གདིང་བ་བདུན། །ཞེས་པ་ལྟར་རྨད་གོས་དང་རྨད་འོག་དང་སྟོད་གོས། སྨད་ཤམས། པད་ཞུ་དང་པད་ལྷམ་བཅས་དྲུག་དང་། དེའི་སྟེང་ལ་གདིང་བ་དང་བདུན་ལྡན་པ་བྱ། ༤༽རྫས་ཀྱི་རྗེས་སྲུང་ལ། ཀུན་བཏུས་ལས། རིན་ཆེན་རྫས་ལྔ་ཕྲེང་བ་དྲུག །ཅེས་པ་ལྟར། ཧོས་རུའམ་འཁར་གསིལ། གཞི་སྐུར་རམ་ལྷུང་གཟེད། དག་བྱེད་ཁྲུས་བུམ། སྤུ་གྲི། ཚེམ་ཁབ་དང་ལྔ། དེའི་སྟེང་ལ་རིན་ཆེན་ཕྲེང་བ་དང་དྲུག་ལྡན་པ་བྱ། ༥༽སྤྱོད་ཚུལ་གྱི་རྗེས་སྲུང་ལ། ཕྱུགས་ཡན་བྱ་རྡང་རྟ་ཧྲང་ཁྱི་སྤྱང་དང་། སྟེ་སྟེ་ཟུར་འགྲོས་ཕྱི་འགྲོས་རྒུར་འགྲོས་མིན། མཆོངས་རྒྱུག་སོགས་མ་དག་པའི་སྤྱོད་པ་རྣམས་རིང་དུ་དོར་ནས་ཡང་དག་ཚུལ་ལྡན་ཀྱི་སྤྱོད་པ་ལ་འཇུག་པ་བྱ་ལ། གཞན་ཡང་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་སོགས་ཡོད་དོ། །
དེ་ནས་ནང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལ། མི་དགེ་བའི་སྡེ་དྲུག་ཅུ་རྩ་གསུམ། ཉོན་མོངས་པའི་སྡེ་དྲུག་ཅུ་རྩ་བརྒྱད། འཁྲུལ་བའི་སྡེ་བརྒྱ་དང་བཅུ། ཁྲིམས་ཆེན་གྱི་སྡེ་བདུན། ཁ་ཟས་ཀྱི་སྡེ་བཞི། ཁྲི་སྟན་གྱི་སྡེ་གསུམ། སིལ་བུའི་སྡེ་གསུམ་བཅས་དང་།
ནང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ། སྡོམ་པ་སུམ་བརྒྱ་དྲུག་ཅུ་སོགས་གྲངས་མང་ཡང་མདོར་བསྡུས་ན་གཞན་གནོད་གཞིར་བཅས་སྤངས་པའི་སྡོམ་པ་སོགས་དང་།
གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་ལ། དམ་ཚིག་ས་མ་ཡའི་འབུམ་སྡེ་སོགས་གྲངས་མང་ཡང་མདོར་བསྡུས་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཐུགས་དང་མ་འགལ་བའི་དམ་ཚིག་བསྲུངས་པ་སོགས་ལྡན་དགོས་པ་བསྟན་ནོ། །གཞན་ཡང་ཕྱི་ནང་གསང་བའི་སྡོམ་པ་དམ་ཚིག་སོགས་ཞིབ་གསལ་ཡོད་དོ། །