ཟིང་ཆུ་རྫོང་གི་སློབ་གསོ་ཆ་སྙོམས་འཕེལ་རྒྱས་སྐོར་གྱི་བཀའ་སློབ།

༢༠༡༧་༤་༥ཉིན་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ཟིང་ཆུ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་རེ་ཞུ་ལྟར་རྫོང་བོད་ཡིག་སློབ་འབྲིང་དུ་གཟིགས་རྟོག་ལ་ཕེབས་ཏེ་སློབ་གྲྭ་དེ་གའི་སློབ་གསོ་དང་འབྲེལ་བའི་བཀའ་སློབ་གནང་བ།
6.jpg
7.jpg

   ཟིང་ཆུ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་བྱ་བ་སྐུལ་འདེད་གཏོང་བ་དང་བཟའ་བཏུང་ཞབས་ཞུ་ལྟ་སྐུལ་དོ་དམ་ལས་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་རྒྱུའི་ཐད་དང་འབྲེལ་བའི་བསམ་ཚུལ།  ཐོག་མར་ངས་འདི་ནས་རྫོང་བདུན་གཅིག་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་དེ་རིང་གི་སྐབས་འདི་ལ་ཟིང་ཆུ་རྫོང་མི་དམངས་འཐུས་ཚོགས་ཀྱི་བཀོད་སྒྲིག་ལྟར་༼འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་ཀྱི་ཐད་བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་༽དེ་གཙོ་བོ་ཟུང་ཆུ་རྫོང་བདུན་གཅིག་བོད་ཡིག་སློབ་འབྲིང་ལ་ཁེལ་ཡོད་སྟབས། སློབ་འབྲིང་འདི་ལ་ཕན་འབྲས་ལྡན་པའི་སློབ་གསོ་ཞིག་དགོས་པ་དང་ཁྱད་པར་དུ་དགེ་སློབ་བར་གྱི་སློབ་གསོ་ཆ་སྙོམས་དགོས་པ་སོགས་ཀྱི་བསམ་ཚུལ་འགའ་ཞུས་པ་ལ།

1.jpg
10.jpg
12.jpg

   ༡༽ ཕྱི་ནང་གི་སློབ་གསོ་ཆ་སྙོམས་དགོས་པ། ཕྱི་ནང་གི་སློབ་གསོ་ལྡན་པ་ཟེར་བ་ནི་ཕྱི་དགེ་རྒན་དང་འཁོར་ཡུག་གི་ཆ་རྐྱེན་ཕུན་སུམ་ཚོགས་དགོས་པ། ནང་ཤེས་རིག་ཆ་རྐྱེན་ཕུན་སུམ་ཚོགས་དགོས་རེད། དཔེར་ན་ཕྱིའི་སློབ་གསོའི་ཆ་རྐྱེན་ཕུན་སུམ་ཚོགས་པ་ལ། ཐོག་མར་སློབ་གྲྭ་གང་དང་གང་འདྲ་ཞིག་ཡིན་ན་ཡང་དགེ་རྒན་ཡག་པོ་ཞིག་ཡོད་དགོས་ལ། དེར་མ་ཟད་སློབ་གྲྭ་ལ་དུས་རབས་དང་མཐུན་པའི་སློབ་གཉེར་གྱི་ཆ་རྐྱེན་ཡག་པོ་ལྡན་དགོས། སློབ་གཉེར་གྱི་ཆ་རྐྱེན་ཟེར་བ་ཡང་སློབ་མ་ཚོས་ཟ་ཉལ་གྱི་ཆ་རྐྱེན་དང་དེར་མ་ཟད་སློབ་ཁྲིད་ཀྱི་རིམ་པ་ཡང་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་གཞུང་ཁྲིད་དང་ཟུར་ཁྲིད་སློབ་དེབ་ཡག་པོ་ཡོད་དགོས་ལ། བར་གསེས་སུ་སློབ་མའི་ཁམས་དང་མཐུན་པའི་མི་རིགས་རང་བཞིན་གྱི་གཏམ་རྒྱུད་དང་སྒྲུང་སོགས་ཀྱི་ཆ་རྐྱེན་བསྐྲུན་དགོས། གཞན་གསར་བཞུགས་ཀྱི་སློབ་མ་རྣམས་གཟའ་འཁོར་འགའ་འམ་ཟླ་རེ་གཉིས་ནས་སློབ་མ་ཕྱིའི་ཀུན་སྤྱོད་དང་ནང་གི་ཡོན་ཏན་སོགས་ཡར་རྒྱས་སོགས་བྱུང་ཡོད་མེད་ཞིབ་གཤེར་གནང་དགོས། དེ་ནས་དེ་དང་བསྟུན་ནས་སྙིགས་འདོར་བཅུད་ལེན་གྱི་ཆ་རྐྱེན་བསྐྲུན་དགོས།

2.jpg
5.jpg

   ༢༽སློབ་ཁྲིད་ཀྱི་སློབ་གསོ་ཆ་སྙོམས་དགོས་པ། དེ་ཡང་ཟུང་ཆུ་རྫོང་བདུན་གཅིག་བོད་ཡིག་སློབ་འབྲིང་འདི་ནི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཞིག་ཡིན་པར་མ་ཟད། བོད་ཡིག་སློབ་གྲྭ་ཞིག་ཡིན་སྟབས་ངེས་པར་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་མི་རིགས་སློབ་གསོ་སྤེལ་སའི་འཁོར་ཡུག་ཞིག་ཏུ་ཆགས་ཡོད་སྟབས། སློབ་ཁྲིད་ཀྱི་ཐད་ལ་ཡང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་ཁག་དང་རྗེས་མཐུན་དུ་འགྲོ་དགོས་ལ། དེ་མ་ཟད་སློབ་དེབ་ཡང་བོད་ལྗོངས་གཙོས་པའི་བོད་ཡིག་སློབ་འབྲིང་ཁག་གི་སློབ་དེབ་ཁག་དང་གཅིག་མཐུན་དགོས་ཤིང་། དེ་ལྟར་དུ་སོང་ན་སློབ་གྲྭ་འདི་ནས་མཐར་ཕྱིན་སྐབས་མཐོ་འབྲིང་དང་སློབ་ཆེན་ཁག་སོགས་ལ་རྒྱུགས་སྤྲད་སྐབས་ལ་ཕན་འབྲས་རྒྱ་ཆེན་ཐོན་སྙམ། དེ་མིན་པར་སློབ་དེབ་རང་འདོད་དམ་སྒེར་ཚུགས་ཅན་དུ་སོང་ན་ཕན་འབྲས་དེ་ཙམ་མི་ཐོན། འོན་ཀྱང་དམིགས་བསལ་ལ་རྔ་བ་ཁུལ་དང་ཟུང་ཆུ་རྫོང་གི་ཁྱད་ཆོས་ལྡན་པའི་སློབ་དེབ་རེ་ཡོད་ན་ཕན་འབྲས་ཐོན།

3.jpg
4.jpg

   ༣༽ དགེ་སློབ་བར་གྱི་མཛའ་བརྩེའི་སློབ་གསོ་ཆ་སྙོམས་དགོས་པ། སློབ་གྲྭ་ཟེར་བ་ལ་དགེ་རྒན་དང་སློབ་མ་ལས་གཞན་དམིགས་བསལ་མི་སྣ་མེད་སྟབས། ཁོང་གཉིས་བར་ལ་མཛའ་བརྩེའི་རང་གཤིས་ཡོད་དགོས་པ་ནི་ཆེས་གལ་ཆེ་བའི་གནས་ཤིག་རེད་སྙམ། དེ་ཡང་དགེ་རྒན་ཚོས་རྟག་ཏུ་སློབ་མ་རྣམས་ལ་གཟིགས་རྟོགས་ཡག་པོ་གནང་སྟེ་བྱམས་སྐྱོང་དགོས་པ་དང་སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་ལ་གུས་བཀུར་དང་བརྩི་འཇོག བཀའ་གསུང་ཅི་བཞིན་བསྒྲུབས་དགོས་ལ། སློབ་མ་རྣམས་ལ་མཚོན་ན་སློབ་འབྲིང་འགྲིམ་སྐབས་ནི་ཆེས་གནད་འགག་གི་དུས་ལ་ཁེལ་ཡོད་སྟབས་དགེ་སློབ་བར་གྱི་མཛའ་བརྩེའི་རང་གཤིས་ནི་ཐོག་མའི་ཆ་རྐྱེན་ཞིག་ཏུ་ཆགས་ཡོད།   དེ་ལྟར་གོང་གི་སློབ་གསོ་ཆ་སྙོམས་དག་ལྡན་ན་མིང་དོན་མཚུངས་པའི་སློབ་གྲྭ་ཞིག་ཏུ་རང་བཞིན་གྱིས་ཆགས་རྒྱུ་རེད་སྙམ།

ཞེས་ཟིང་ཆུ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་གྱི་ཁོངས་མི་མཁན་རིན་སྤུངས་པ་བླ་མ་ཚེ་རིང་གིས་༢༠༡༧ལོའི་ཟླ་བ་༤བའི་ཚེས་༥ཉིན་ལ་རྫོང་བདུན་གཅིག་བོད་ཡིག་སློབ་འབྲིང་དུ།