ཚེ་སྲོག་འདྲ་མཉམ་སྐོར་གླེང་བ།

21.jpg

   ཉེར་གཅིག་གི་དུས་རབས་ཏེ་ཆ་འཕྲིན་ཅན་དང་གོ་ལ་ཅན་གྱི་དུས་རབས་དཔལ་འབྱོར་ཅན་གྱི་སྐབས་འདིར་མི་དང་སེམས་ཅན་སོགས་གང་དང་གང་ཡིན་ནམ་འདྲ་ཡིན་ནམ་འང་ཕན་ཚུན་འདྲ་མཉམ་དང་གུས་བཀུར་གྱི་ལམ་ལུགས་དེ་ནི་དུས་སྐབས་འདིར་ཆེས་འཕེལ་རྒྱས་འགྲོ་བཞིན་པའི་གནས་ཚུལ་ཞིག་དང་དོན་ཆེན་ཞིག་ཀྱང་རེད་མོད།
འཛམ་གླིང་ལ་དེ་འདྲའི་ཁ་ཕྱོགས་པའི་སྐབས་སུ་ད་དུང་གོམས་གཤིས་དང་བག་ཆགས་ངན་དབང་གིས་སྔོན་སྲོལ་ཏེ་འཛམ་གླིང་ན་ཆེས་དཀོན་པའི་རིགས་སུ་གྱུར་བའི་སྲོག་ཆགས་ཏེ་རི་སྐྱེས་སྲོག་ཆགས་དང་ཆུ་གནས་སྲོག་ཆགས་སྣ་ཚོགས་ཤིག་དོན་མེད་དུ་སྲོག་འཕྲོག་སྟེ། ང་ཚོ་མི་ཡི་རིགས་ཀྱི་སེམས་ཅན་དག་གིས་རང་ཉིད་ཀྱི་ཕོར་བ་གང་གི་བསམ་བློ་དང་འདུ་ཤེས་ཀྱིས་དབེན་པའི་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་པའི་དུད་འགྲོའི་རང་གཤིས་ཅན་གྱི་མི་རྣམས་ཀྱིས་ད་དུང་བག་ཆགས་དེ་ཀུན་ནས་སློང་བའི་སེམས་པ་དེ་ད་དུང་རྒྱུན་ཆད་མེད་པ།གོམས་གཤིས་དེ་ཡི་དབང་གིས་ང་ཚོ་འདིར་བོད་གངས་ཅན་པ་ཞེས་མཚན་ཡོངས་སུ་གྲགས་པའི་ཡུལ་གྲུ་འདིར་སྔ་མོ་ནས་འཚོ་སྡོད་བྱས་པའི་རི་སྐྱེས་སྲོག་ཆགས་ཏེ་དོམ་དྲེའུ་རྟ་རྐྱང་མ་ཧེ་འབྲི་གཡག་སོགས་རྒྱལ་ཁབ་གཞན་དུ་དཀོན་པའི་སྲོག་ཆགས་དུ་མ་ཞིག ང་ཚོ་གངས་ཅན་པ་ཡི་གནས་མཆོག་འདིར་དེ་དག་སྲུང་སྐྱོང་དང་དར་སྤེལ་བྱེད་རྒྱུ་དེ་ཕར་ཞོག་དེ་ལས་ལྡོག་ཏེ་སེམས་ཅན་དེ་དག་རྒྱ་དང་མེ་མདའི་ཁ་རུ་ལྷུང་བའི་ལོ་མང་བོར་འགོར་སོང་ཡོད་ལ་ད་ལྟ་ས་མཐོ་གངས་ཅན་འདིར་སེམས་ཅན་སྲོག་ཆགས་རིགས་ཁ་ཤས་མིང་གི་ཐ་སྙད་ཙམ་ལས་ལྷག་མེད་པ་དང་རེ་འགའ་ཞིག་ད་ལྟ་རྒྱུན་ཆད་ཀྱི་གནས་ལ་ལྷུང་གྲབས་ཡོད་ཅིང༌།
སྔོན་ཆད་ལ་དེ་དག་གི་གཟུགས་མཐོང་བ་དང་སྒྲ་སྐད་གོ་བ་སོགས་ཡོད་མོད་ད་ལྟ་དེ་ལྟ་བུ་དེ་རིང་ནས་རིང་དུ་སོང་བའི་དུས་སྐབས་ཤིག་ཏུ་སླེབས་འདུགདེ་ལ་འདིར་གླེང་བྱ་གཙོ་བོ་ནི་ངའི་སྐོར་ལ་ཅུང་གླེང་ན། ང་ཡི་ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་ལྟ་བུ་ལ་མཚོན་ན་ཡང་སྔོན་ཆད་ལ་རི་སྐྱེས་སྲོག་ཆགས་དགོ་དང་གཟིག་དོམ་སྤྲེའུ་དྲེད་མཁའ་འཕུར་བའི་བྱ་རིགས་སྣ་ཚོགས་ལ་སོགས་དང་དེ་བཞིན་ཆུ་གནས་སྲོག་ཆགས་དེ་སྲམ་དང་ཉ་རིགས་སྣ་ཚོགས་སོགས་སྲོག་ཆགས་གྲངས་མེད་པ་ཞིག་ཡོད་ཀྱང༌། ལོ་ངོ་བཅུ་ཕྲག་གི་གོང་དུ་སེམས་ཅན་དེ་དག་མཐོང་མཐོང་རིག་རིག་གི་ཡུལ་དུ་གྱུར་ཅིང་གཟིག་དང་དོམ་དྲེད་སོགས་ཀྱིས་མི་རེ་འགའ་ཡང་སྲོག་ཆད་མྱོང་བའི་ལོ་རྒྱུས་ང་རང་གིས་གོ་ཐོས་དང་མཐོང་ཨང་མྱོང་ཡོད་ལ།འོན་ཀྱང་ད་ལྟ་དུས་སྐབས་འདི་སྤྱི་ལོ་༢༠༠༠ལོ་ཡས་མས་སུ་སེམས་ཅན་དེ་དག་མཐོང་བ་དེ་དག་གི་སྒྲ་སྐད་སོགས་ཐོས་པ་ཕར་ཞོག་སེམས་ཅན་མང་བོ་ཞིག་ད་ལྟ་རིགས་རྒྱུད་ཀྱང་ཆད་པ་དང་འགའ་ཞིག་རེ་གཉིས་ཤིག་ལས་ལྷག་མེད་པ་སོགས་ཀྱི་གནས་སུ་གྱུར་ཡོད། དེ་དག་གི་རྒྱུ་མཚན་ནི།གཙོ་བོ་ཡུལ་འདིར་འཚོ་བཞེས་གནང་བཞིན་པའི་མི་དག་གིས་དེ་དག་སྲོག་ཆད་པ་སྟེ་དཔེར་ན་རྒྱ་འཇོག་ནས་བསད་པ་དང་མེ་མདའ་དང་དུག་མདའ་དུག་རྫས་སོགས་ཀྱིས་དེ་དག་སྲོག་འཕྲོག་པའི་བྱ་སྤྱོད་རྩུབ་པོ་བྱེད་མཁན་ཧ་ལམ་ཉུང་ཉུང་ཞིག་རེད་ལ།དེ་དག་འདའ་མཁན་ཀྱང་ཅུང་ཤས་རེད།འོན་ཀྱང་ཡུལ་གྲུ་གཞན་དག་ནས་ཡོང་བའི་ཤ་ལ་རྔམ་པའི་རི་དྭགས་བདའ་མཁན་རྔན་པ་དང་མི་རིགས་གཞན་སྟེ་རྒྱ་རིགས་སོགས་ཀྱི་རྔན་པ་དག་གིས་རྒྱ་དང་མེ་མདའ་སོགས་ཀྱིས་ཉམ་ཐག་པའི་སེམས་ཅན་དེ་དག་མཐོང་ཚད་དང་རིག་ཚད་ཚང་མའི་སྲོག་འཕྲོག་སྟེ་ད་ལྟ་ང་ཡི་ཕ་ཡུལ་སོགས་ལ་སྔོན་ཆད་འཚོ་གནས་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་སོགས་འདི་དང་འདི་འདྲ་ཞེས་ཡོད་ཅེས་པའི་མིང་ཙམ་ལས་གང་ཡང་ལྷག་མེད་པ་ཞིག་ཆགས་ཡོད། སྤྱིར་ཕ་ཡུལ་གྱི་མི་རྣམས་ཀྱང་གཞན་ནས་ཡོང་བའི་རྔན་པ་དང་རྒྱ་མི་རིགས་ཀྱི་རྔན་དག་འགག་འགོག་སོགས་བྱེད་མཁན་ཧ་ཅང་ཉུངཉུང་རེད། ་གཉིས་ནས་གཞུང་ནས་ཀྱང་དེ་འདྲ་བའི་གནས་ཚུལ་དག་ལ་སྔོནཆད་དོ་སྣང་དང་འགག་འགོག་སོགས་གང་ཡང་བྱེད་ཀི་མེད་ཅིང༌།ད་ལྟ་དུས་སུ་གཞི་ནས་དེ་འདྲ་བའི་ལས་ངན་བྱེད་མཁན་དག་འགག་འགོག་བྱེད་དགོས་ཞེས་ཁྲིམས་སོགས་ཡོད་ཀྱང་ད་ལྟ་དུས་སུ་དེ་འདྲའི་ལས་ལ་བཞུགས་མཁན་རེ་གཉིས་ལས་མེད་ཅིང་སེམས་ཅན་སྲོག་ཆགས་མང་བོ་ཞིག་མིང་ཙམ་ལས་ལྷག་མེད་པས་སྔོན་འགོག་ཀྱང་བྱེད་དགོས་པའི་རྒྱུ་མཚན་ཀྱང་མི་འདུགསྲུང་སྐྱོང་བྱེད་དུས་མ་བྱེད་པའི་ད་གཞི་ནས་དེ་ལ་སྔོན་འགོག་གི་བྱ་བ་ཞིག་སྤེལ་ཀྱང་ཕན་ཐོགས་ཅུང་ཆུང་བ་ཞིག་ལ།འོན་ཀྱང་ད་དུང་སེམས་ཅན་རེ་གཉིས་ད་དུང་ལྷག་ཡོད་པས་དེ་ལ་སྲུང་སྐྱོང་དང་དར་སྤེལ་རོགས་བྱེད་རྒྱུ་དེ་གལ་ཆེ་བའི་གནས་ཤིག་རེད། སྤྱིར་དེ་དུས་ཕ་ཡུལ་གྱི་དགོན་པ་དག་གིས་དགོན་མཐའ་གཡས་གཡོན་ནས་བྱ་བྱིའུ་སོགས་འདའ་མཁན་དང་བསད་མཁན་རེ་བྱུང་ན་འགག་འགོག་བྱས་ཏེ་རྔན་པ་དེ་དག་གི་མེ་མདའ་སོགས་ཕོགས་པ་ཡང་བྱེད་མཁན་མང་བོར་བྱུང་ཡོད་མོད། དགོན་པས་དགོན་པའི་འཁྲིས་ཏེ་དགོན་པའི་གཡས་གཡོན་སོགས་ལས་སྤྱི་ཡོངས་ལ་འགག་འགོག་གང་ཡང་བྱེད་མ་ཐུབ་པ་སོགས་ཀྱི་རྐྱེན་པས།དེང་སྐབས་སེམས་ཅན་དེ་དག་གི་མིང་ལས་གང་ཡང་ལྷག་མེད་པས་དངོས་གནས་སྤྱིར་འཛམ་གླིང་ཡོངས་ལ་ཕམ་ཁ་བྱུང་བ་དང་སྒོས་སུ་རང་མི་རིགས་དེ་བཞིན་རྫོང་སོགས་ལ་གྱོང་གུན་ཚབ་ཆེན་པོར་བཟོས་ཡོད་ལ།ད་དེང་སྐབས་ལ་སྔོན་ཆད་ཡུལ་གྲུ་འདི་རུ་སེམས་ཅན་འདི་དག་ཡོད་ཅེས་པའི་འདྲ་པར་འགའ་ཞིག་དང་བརྙན་བསྡུས་ཁ་ཤས་ཡུལ་བསྐོར་བྱེད་ཡུལ་དང་ལྟ་བསྐོར་ཁང་སོགས་ཁ་ཕོ་ཙམ་ཞིག་ལས་གང་ཡང་མེད།འཛམ་གླིང་ན་ཆེས་དཀོན་པའི་མཐོ་སྒང་དུ་འཚོ་གནས་བྱེད་པའི་སེམས་ཅན་དེ་དག་རྗེས་མེད་ཤུལ་མེད་དུ་སོང་བ་འདི་དངོས་གནས་ངོ་ཚ་བ་དང་ངོ་གནོང་དགོས་པའི་ཡུལ་ཞིག་རེད།
དེ་ལ་ཡང་ཕྱི་གླིང་དང་མི་རིགས་གཞན་དག་གི་ཡུལ་གྲུ་དག་ཏུ་ལོ་ངོ་དུ་མའི་སྔོན་ནས་ཡུལ་ལུང་སོ་སོར་འཚོ་གནས་བྱེད་བཞིན་པའི་སེམས་ཅན་ཕལ་ཆེར་ད་ལྟ་རིགས་རྒྱུད་སོགས་ཆད་མེད།དེ་དག་ལ་ལྷག་ཅིང་དེ་འདྲ་ཡོང་བའི་རྒྱུ་མཚན་ཀྱང་དོན་དངོས་ལ་ཁོང་ཚོས་མ་འོངས་པའི་མིག་རྒྱང་ཆེས་རིང་བའི་ཤེས་ཡོན་དང་བསམ་བློ་ཁྱད་འཕགས་ཞིག་ཡོད་པའི་རྐྱེན་རེད། ང་ཚོ་ལྟར་སོ་སོའི་ཕོར་བ་གང་ལས་གང་ཡང་བསམ་བློ་གཏོང་མི་ཤེས་པའམ་རང་ཉིད་གཅིག་པུ་ལས་གཞན་གང་ལ་ཡང་ལྟ་མི་ཤེས་པའི་མི་ཞིག་མ་ཡིན་པའི་ཁོང་ཚོ་ལ་གང་ཟག་ཐམས་ཅད་འདྲ་མཉམ་གྱི་ལྟ་བ་དང་ཕན་ཚུན་རོགས་སྐྱོར་གྱི་ལྷག་བསམ་ལྡན་པའི་རྐྱེན་གྱིས་རེད།
དོན་དངོས་ལ་ང་ཚོའི་མི་རིགས་སྔོན་མ་ནས་འཚོ་བ་རོལ་སྟངས་ཞིག་ལ་ཉིན་གཅིག་གི་ཟ་མ་གཅིག་གིས་བཙལ་བ་སོགས་ཀྱི་རྐྱེན་པ་དང༌།དེ་བཞིན་སེམས་ཅན་སྲོག་ཆགས་གདུག་པ་ཅན་ཞིག་གསོད་ཐུབ་ན་ཁོང་ཉིད་དཔའ་བོ་ཞིག་ཏུ་བརྩིས་ཏེ་ཁོང་ལ་དཔའ་རྟགས་སོགས་སྤྲད་པའི་ལམ་ལུགས་སམ་ཡུལ་སྲོལ་ཀྱང་བྱུང་མྱོང་ཡོད་པ་འདྲ།དོན་ལ་ང་ཚོ་ལ་དགོས་པའི་དཔའ་རྟགས་ནི་རང་ཅག་གི་ཡུལ་གྲུ་ཀུན་ཏུ་འཚོ་བཞེས་པའི་རི་སྐྱེས་སྲོག་ཆགས་དང་ཆུ་གནས་སྲོག་ཆགས་སོགས་ཀྱི་སྲོག་འཕྲོག་ནས་དེ་དག་གི་སྤགས་པ་གྱོན་པ་དང་ད་དུང་སྤགས་པ་དེ་མི་རིགས་ཀྱི་རྒྱན་ཆ་ཞིག་ཏུ་བརྩི་བ་དང་དཔའ་བོ་དཔང་རྟགས་སོགས་རློམ་པ་ནི་ད་ལྟའི་དུས་རབས་ལ་མཚོན་ན་དངོས་གནས་ཡིད་ཕམ་དགོས་པའི་བྱ་སྤྱོད་ཁོ་ནར་རེད།ད་སྔོན་གྱི་ལམ་ལུགས་སམ་ཡུལ་སྲོལ་ལས་སྙིགས་དོར་བཅུད་ལེན་གྱི་བྱ་བ་དེ་ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་དང་ཕྲག་ཏུ་འབབས་པའི་གནས་ཚུལ་གལ་ཆེན་ཞིག་རེད། ད་དུང་ང་ཚོའི་གོམས་གཤིས་ཚང་མས་ཡག་ཤོས་དང་བཟང་ཤོས་སུ་རློམ་པ་ནི་དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཞིག་རེད།ང་ཚོའི་གོམས་གཤིས་ལ་ལེགས་ཆ་ཡང་ཡོད་སྲིད་ལ་སྐྱོན་ཆ་ཡང་མང་བོ་ཞིག་ཡོདསྲིད།གང་ལྟར་ང་ཚོ་གངས་ཅན་པའི་ཐུན་མིན་གྱི་སེམས་ཅན་དུ་མ་ཞིག་ད་དུང་ཡོད་ལ་དེ་དག་ནི་ང་ཚོ་བོད་ཀྱི་སྤྱི་ནོར་ཞིག་ཡིན་ལ།དེ་དག་སྲུང་སྐྱོང་བྱེད་རྒྱུ་དེ་ང་ཚོ་ཚང་མས་འོས་འགན་ནང་ནས་འགངས་ཆེན་དེ་རེད།།

ཞེས་རིན་སྤུངས་ཚུལ་བསྟན་གྱིས་༢༠༠༩ལོར་བྲིས་པའོ། །