དགེ་བཤེས་ངག་དབང་བློ་གྲོས་ཀྱི་རྩོམ་དེབ་གསར་བ།

མདོ་སྨད་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་སློབ་གྲྭའི་དགེ་རྒན་དགེ་བཤེས་ངག་དབང་བློ་གྲོས་སམ་ཤར་པ་ངག་དབང་གི་རྩོམ་དེབ་གསུམ་པ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་རབས་གཉིས་པ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་མཆོག་གི་རྣམ་ཐར་ རང་རྣམ་རང་གིས་སྨྲ་བའི་སྒྲ་བཤུས ༼ཨ་ཁུ་ཤེས་རབ་༽ཞེས་པ་པར་དུ་བསྐྲུན་པ།
   བདག་གིས་སློབ་དཔོན་ཤེས་རབ་ཚུལ་ཁྲིམས་ལགས་ཀྱི་རང་རྣམ་གསུང་བཤད་སྒྲ་ཕབ་<ཨ་ཁུ་ཤེས་རབ>་ཞེས་པའི་རྣམ་ཐར་འདི་མ་འོངས་པ་འོ་ཅག་རྣམ་ཐར་འབྲི་བ་པོ་ཚོའི་ལམ་གསར་བ་ཞིག་ལ་བསྐྱོད་པའི་ཆེད་ཡིན།
   འདིའི་ནང་རྫུན་ཚིག་ཟུར་ཙམ་བསྲེལ་མེད་ལ། འུར་སྒྲོག་ཁབ་རྩེ་ཙམ་ཡང་བཞག་མེད། བདག་གིས་གོ་ཐོས་སུ“རྣམ་ཐར་གང་དེས་སྤྱི་ཚོགས་དེ་མཚོན་ཐུབ་པ་ཞིག་དགོས་ཏེ། མི་དེ་སྤྱི་ཚོགས་དེའི་ནང་དུ་འཚར་ལོངས་བྱུང་བ་ཡིན་པས། སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ཡོད”གསུངས། མི་ཞིག་གི་མི་ཚེའི་ཕེབས་ལམ་འབྲི་དགོས་ན། མི་དེ་དང་འབྲེལ་བའི་སྤྱི་ཚོགས་ཡང་འབྲི་དགོས། འོ་ཅག་སྔོན་གྱི་རྣམ་ཐར་མང་དག་ཅིག་སྤྱི་ཚོགས་རྒྱབ་ལ་གཡུག་ནས་མི་དེའི་ལས་སྤྱོད་སྒྲོ་བཏགས་དང་འབྲེལ་ནས་བཤད་པ་ནི། ཧ་ཅང་ཡིད་སྐྱོ་བ་ཞིག་ཡིན་ཏེ། སྔ་འདས་བླ་མ་སྐྱེས་ཆེན་ཚོའི་རྣམ་ཐར་ཞིག་མཐོང་དུས་དེ་དུས་ཀྱི་སྤྱི་ཚོགས་ནི་རྙོག་མེད་དྭངས་གཙང་ཞིག་གམ། མི་ཡོད་ཚད་བྱ་བྲལ་སྒོམ་ཆེན་པའམ། བྱམས་སྙིང་རྗེས་ཕྱུག་པའི་སྐྱེས་བུ་ཤ་སྟག་ཡིན་ནམ་སྙམ་པའི་རྣམ་རྟོག་སྐྱེས།
   མ་འོངས་པ་དཔེ་ཀློག་བ་ཞིག་གིས་རང་གི་མེས་པོ་འཚོལ་བའི་ཆེད་དཔེ་ཀློག་བྱེད་པའི་དཀའ་ངལ་མི་འབྱུང་བ་ད་ལྟ་ནས་འོ་ཅག་གིས་འགོ་རྩོམ་ནས་སྤྱི་ཚོགས་ཀྱི་འགྱུར་བ་དང་། དེའི་ཁ་ཕྱོགས་གཙོ་བོ་གླེང་དགོས་པ་དང་། རྣམ་ཐར་འབྲི་དུས་སྒྲོ་བཏགས་དང་སྐུར་འདེབས་བཅས་རྒྱབ་ཏུ་གཡུག་ནས་འབྲི་དགོས། སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་འགྱུར་ལྡོག་གླེང་དགོས་ན། དྲང་པོའི་ལམ་ལ་བསྐྱོད་པའི་སྤོབས་པ་ཞིག་མ་མཐའི་ཆ་སྐྱེན་ཚང་དགོས་པ་དེ་ཡིན། བདག་ལ་དྲང་བརྗོད་ཀྱི་སྤོབས་པ་མ་སྨིན་ཀྱང་། དེའི་ས་བོན་ལ་བདག་སྐྱོང་བྱེད་ཀྱི་ཡོད།
   
སློབ་དཔོན་ཤེས་རབ་ཚུལ་ཁྲིམས་སམ་ཡོངས་གྲགས་སུ་ཨ་ཁུ་ཤེས་རབ་ཟེར་བ་ནི། དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་སློབ་དཔོན་ཁྲི་རབས་གཉིས་པ་ཡིན། ཁོང་གི་རྣམ་ཐར་འབྲི་བ་ནི། མ་སྐུལ་དང་བླངས་ཀྱིས་བདག་གིས་བྲིས་པ་ཡིན། བདག་གིས་བྲིས་ཟིན་པའི་རྗེས་སུ་དགའ་བསུ་ཞུ་མཁན་ཕ་ཡུལ་ཕྱོགས་ནས་དེ་ཙམ་མེད་ཀྱང་། བདག་གིས་དགའ་བསུ་ཐོབ་པའི་ཆེད་བྲིས་པ་མིན། སྤྱིར་ཕ་ཡུལ་གྱི་མི་བྱིངས་ཆེར་བོད་ཡིག་གི་ཤེས་ཚད་ཧ་ཅང་དམན་སྟབས། བདག་གིས་བྲིས་པའི་ནང་དོན་མ་གོ་པའམ། དོན་གོ་ཡང་མཐོང་ཆེན་མ་བྱེད་པའམ། གང་དག་སྐྱོན་བརྗོད་དང་ངན་སྨོད་ལ་མ་འཛེམ་པ། དམ་པ་ཁོང་གི་གང་གསུངས་ཡིག་ཐོག་ཕབ་པ་མ་ཚད། བདག་གིས་ཁ་གསལ་གོ་བདེ་བའི་ཆེད་མཆན་ཆུང་མི་ཉུང་བ་ཞིག་བཏགས་ཡོད།
   ས་ཕྱོགས་གཞན་པའི་རྩོམ་འབྲི་བ་པོ་ཞིག་གིས་རྩོམ་དེབ་ཞིག་བྲིས་ཟིན་པ་ཡིན་ན། ཡི་གེ་འགྲིག་མིན་ལ་མ་བསྟུན་པ་ཚང་མས་ཡི་རང་དང་བསྟོད་སྔགས་བྱེད་པ་ནི། ས་ཕྱོགས་དེར་མ་འོངས་པ་རྩོམ་འབྲི་བ་པོ་ཟད་མེད་དུ་འབྱུང་བའི་སྔ་ལྟས་ཡིན། བདག་གིས་དེ་སྔོན་དཔེ་ཆ་གསུམ་བྲིས་ཟིན་ཀྱང་། ཕ་ཡུལ་གྱི་མི་བརྒྱ་ཆ་དགུ་བཅུ་ཙམ་གྱིས་གོ་མེད་ཚོར་མེད་ཀྱི་ཡུལ་དུ་ལུས། ད་ལེན་བདག་གིས་<ཨ་ཁུ་ཤེས་རབ>ཟེར་བའི་དེབ་ཆུང་འདི་ས་ཕྱོགས་གང་ལ་སླེབས་ཀྱང་། ཀློག་པ་པོ་ཚོས་བདག་ལ་རྒྱབ་སྐྱོར་དང་རོགས་རམ་མི་ཆུང་བ་དང་། རྗོད་བྱེད་ཚིག་གི་ཐད་ནས་ནོར་འཁྲུལ་གང་ཡོད་ལ་ཐད་ཀ་བདག་ལ་འབྲེལ་བ་གནང་རོགས་ཞུ།
དཔེ་ཆ་འདིའི་པར་རིན་ཆ་ཚང་༼དགའ་མལ་དགོན་ཆེན༽ནས་གནང་བྱུང་། ཐུགས་རྗེ་ཆེ། 
༢༠༢༠/༡/༡༤/ བྲིས།

༼དགེ་བཤེས་ངག་དབང་བློ་གྲོས་སམ་ཤར་པ་ངག་དབང་གི་འཕྲིན་སྟེགས་ཤར་དུང་རི་ཞེས་པ་ལས་བཤུས།༽