རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ། སྤྱིའི་འདོན་ཐེངས་བཞི་པ།

༧ དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱིས་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་སྤྱིའི་འདོན་ཐེངས་བཞི་པ།

མདུན་ཤོག

མདུན་ཤོག་ནང་མ།

དཀར་ཆག

སྔོན་གླེང་།
   དེ་ཡང་མི་ལོ་ཁྲི་ཕྲག་ལས་བརྒལ་བའི་གནའ་བོའི་ཞང་ཞུང་ཤེས་རིག་གི་རྩ་བ་ལས་རྒྱས་པའི་བོད་མི་རིགས་ཀྱི་རིག་གཞུང་རྒྱ་མཚོ་ནི་གཏིང་མཐའ་བྲལ་བའི་འཛམ་གླིང་ཡང་རྩེའི་ཤེས་རིག་གི་ཉིང་བཅུད་དུ་ཆགས་ཡོད་ལ། དེང་གི་དུས་ལ་ཡང་མཚོན་ན་གནའ་བོའི་ཞང་བོད་ཤེས་རིག་ནི་ཆེ་ཟབ་ནས་ཆེ་ཟབ་ཏུ་འགྲོ་བཞིན་པ་མ་ཟད། ཆེད་ལས་ཞིབ་འཇུག་པ་ཡང་ཆེ་མང་ནས་ཆེ་མང་དུ་འགྲོ་བཞིན་པ་ནི་རང་གཞན་ཀུན་གྱིས་མཐོང་ཐོས་གནས་གསུམ་དུ་གྱུར་བ་ལྟར་རེད། དེ་ཕྱིར་ངེད་དགའ་མལ་དགོན་ཆེན་གྱི་ངོས་ནས་ཀྱང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཞེས་པའི་དཔེ་ལྟར་དུ། མི་ལོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་<<ཆུ་མྱིག་དཀར་མོ་>>ཞེས་པའི་མཚན་གྱི་ཅོད་པཎ་གསོལ་བའི་རིག་གཞུང་ལོ་དེབ་ཞིག་ལོ་རེ་བཞིན་འགྲེམ་སྤེལ་གནང་སྟེ། གནའ་བོའི་ཞང་བོད་ཤེས་རིག་གམ་ཡང་ན་རང་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེགས་ཀྱི་དམིགས་ཡུལ་གཙོ་བོར་འབེན་པ་དང་། གཞན་རང་ཅག་མདོ་སྨད་ས་ཡི་ཐིག་ལེ་ཟིང་ཆུའི་མངའ་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་སོགས་ཁྱབ་སྤེལ་གྱི་དོན་དང་། དེ་བཞིན་རང་ཡུལ་གྱི་ན་གཞོན་གསར་སྐྱེས་རྩོམ་པ་པོ་དུ་མ་ཞིག་སྐྱེད་སྲིང་བྱེད་པ་སོགས་ལ་ཆེད་དམིགས་ཀྱི་སྒོ་ནས་ལོ་ནས་ལོ་རུ་རྒྱུན་མཐུད་ཀྱི་འགྲེམ་སྤེལ་གནང་བ་ཡིན།
   དེ་ནས་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་བསྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན་༢༠༡༨ལོའི་རིག་གཞུང་ལོ་དེབ། སྤྱིའི་འདོན་ཐེངས་བཞི་བ་<<ཆུ་མྱིག་དཀར་མོ་>>འདི་ཉིད་པར་སྐྲུན་དང་འགྲེམ་སྤེལ་གནང་བ་ཡིན་ལ། གཞན་ད་ལོ་རང་ཅག་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་རྒྱུད་བསྟན་པའི་མངའ་བདག་སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་མྱ་ངན་རྗེས་དྲན་ཆེད་སྒྲིག་ཅིག་བཟོས་ཏེ་ཁོང་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྤེལ་ཡོད་ལ། ལོ་དེབ་རྗེས་མ་ལ་ཡང་རང་ཅག་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ། ཡང་ཁྱད་ཟིང་ཆུའི་བསྟན་པའི་མངའ་བདག་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་མྱ་ངན་རྗེས་དྲན་ཞུ་བའི་ཆེད་སྒྲིག་ལེ་ཚན་ཞིག་ཀྱང་འགོད་འཆར་ཡོད་པས་དེ་ལུགས་ཀྱི་རྩོམ་པ་པོ་ཡོངས་ནས་ཐུགས་བཞེས་གནང་བར་འཚལ།
ཞེས་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོའི་>>རྩོམ་སྒྲིག་པས་༢༠༡༩་༥་༢༥ཉིན།

རྩོམ་སྒྲིག་ཚན་ཁག

རྒྱབ་ཤོག་ནང་མ།

རྒྱབ་ཤོག