ཤར་པ་ངག་དབང་གི་རྩོམ་དེབ་གཉིས་པ་༼དགོན་སྡེའི་དཔེ་ཀློག༽

ཤར་ཟིང་ཆུ་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་༧དགེ་བའི་བཤེས་གཉེན་ཆེན་མོ་༧ངག་དབང་བློ་གྲོས་སམ་ཤར་པ་ངག་དབང་ལགས་ཀྱི་རྩོམ་དེབ་གཉིས་པ་༼དགོན་སྡེའི་དཔེ་ཀློག༽ འགྲེམ་སྤེལ་གནང་བ།བདག་ལ་རྒྱབ་སྐྱོར་དང་རོགས་རམ་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཞན་ཆ་ཆེ་སྟབས། ལོ་དུ་མའི་རིང་བདག་གིས་བྲིས་པའི་<<དགོན་སྡེའི་དཔེ་ཀློག>>་ཟེར་བ་འདི་མི་ཡུལ་ལ་བཀྲམས་པའི་ཐབས་ཤེས་ལར་ནས་མ་རྙེད། དེས་བདག་གི་སྔས་མགོ་འགྲམ་ནས་ལོ་འགའ་ལུས་སོང་། ལོ་འགའ་རྩོམ་འདི་སྔས་མགོ་འགྲམ་ནས་ལུས་ནའང་། བདག་གི་ད་དུང་དམིགས་ཡུལ་དང་འབྲེལ་ནས་འབོལ་རྩོམ་འབྲི་རྒྱུའི་ལག་མགོ་གཏིང་ནས་བཞག་མ་མྱོང་། རང་གི་སེམས་ལ་འཁོར་བའི་གནས་ཚུལ་རིང་ཐུང་ག་འདྲ་ཡིན་ནའང་ཡིག་ཐོག་ཕབ་ཀྱི་ཡོད། ད་ལོའི་ཚེས་གང་ཡིན་མ་ཚོད། ལོ་ཟླ་ནི། 2018/10་པའི་ནང་ང་དང་ལོ་མང་རིང་མཉམ་འགྲོ་མཉམ་འདུག་དང་། དགའ་སྐྱོ་མཉམ་རོལ་བྱ་བའི་གྲོགས་མཆོག་(རིན་སྤུངས་བསོད་དར)་དང་སྐད་འཕྲིན་རྒྱུད་ནས་གཏམ་གླེང་འགའ་བྱས་པ་ཡིན། དེའི་ཁྲོད་ནས་ཁོང་གི་“ཁྱེད་ཀྱི་དཔེ་ཆ་དེ་ངས་པར་བསྐྲུན་བྱ་འོང་། འོ་ཅག་གྲོགས་པོ་བར་འདི་འདྲ་རོགས་པ་བྱེད་ན་མ་གཏོགས་ཅི་ཕན”ཅེས་གསུངས་ནས་ངའི་རྩོམ་ཡིག་མ་ཡིག་ཆ་ཚང་ཁོང་ལ་བསྐུར་བ་ཡིན། ཁོང་གིས་(གཙུག་ཕུད་རྣམ་རྒྱལ)་ལ་ཟེར་ནས་ཁོང་གཉིས་ཀྱིས་ངས་བྲིས་པའི་<<དགོན་སྡེའི་དཔེ་ཀློག>>ཅེས་པའི་དཔེ་ཆ་འདི་མི་ཡུལ་ལ་བཀྲམས་པ་དེར་ངས་སྙིང་ཁུང་རུས་པའི་གསེང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།