༢༠༡༦ལོའི་མུ་ཁྲི་བཙན་པོ། སྤྱི་དེབ་བཅུ་བ།

 ༢༠༡༦ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ། 

སྤྱིའི་དེབ་བཅུ་བ།

༢༠༡༧ལོའི་ཟླ་བ་༥བའི་ནང་ལ་དཔར་དུ་བསྐྲུན།


༢༠༡༦ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་ཕྱི་ཤོག
1507196884304708.png
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གིས་གནང་བའི་རྟེན་འབྲེལ་ཤིས་ཚིག

1507196883121676.png
༢༠༡༦ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་བོད་ཡིག་དཀར་ཆག
འགོ་བརྗོད།

སྟོང་སྐོར་ཚེ་རིང་ཐར།

ཉེ་སྔོན་གྱི་དུས་རབས་ཕྱེད་ཀའི་རིང་གི་བོད་ཀྱི་རིག་གནས་ཁྲོད་དུ་འགྱུར་ལྡོག་དགེ་མཚན་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད་དེ། གྲུབ་མཐའི་ཕྱོགས་ཞེན་ཇེ་ཆུང་དང་བོད་རང་སའི་ཤེས་རིག་གི་སྲོལ་རྒྱུན་ཏེ་བོན་བསྟན་གྱི་ཞིབ་འཇུག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་དེའི་ནང་གི་འགྱུར་ལྡོག་ཆེན་པོ་ཞིག་རེད།བོད་ཀྱི་ལོ་རྒྱུས་སྟེང་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་གར་གྱི་ཆོས་བོད་དུ་གདན་འདྲེན་ཞུས་པ་ནས་བཟུང་། བོད་མཐོ་སྒང་དུ་བོན་ཆོས་གཉིས་ཀ་མཉམ་དུ་གནས་པའི་གནས་ཚུལ་བྱུང་། དེའི་རྗེས་ཀྱི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་དུ། བོན་ཆོས་གང་རུང་ལ་དད་མོས་ཡོད་པའི་གང་ཟག་རྣམས་ཀྱི་སེམས་ངོ་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། བསྟན་པ་དེ་གཉིས་ཀྱི་བར་དུ་འགལ་ཟླ་གང་མང་བྱུང་མྱོང་རུང་། འབྲེལ་འདྲིས་དང་ལྷག་པར་ཏུ་ཕན་ཚུན་བར་དུ་ནང་འདྲེན་ཇེ་མང་དུ་གྱུར་པས་བོན་ཆོས་བར་ཐུན་མོང་གི་ཆ་ཡང་ཇེ་མང་དུ་གྱུར་པ་དང་མུ་མཐུད་དུ་འགྱུར་བཞིན་ཡོད། དེ་བས། བོན་ཆོས་བར་གྱི་གྲུབ་མཐའི་ཕྱོགས་ལྷུང་དེ་བོད་མིའི་སེམས་ངོ་དང་སྤྱི་ཚོགས་ནང་གི་ན་ཚ་མཁྲེགས་པོ་ཞིག་ཡིན་པས། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སངས་དྲག་ཏུ་འགྲོ་རྒྱུ་ཤིན་ཏུ་དཀའ་ན་ཡང་། ཉེ་སྔོན་གྱི་དུས་རབས་ཕྱེད་ཀའི་རིང་དུ། སྤྱི་ཚོགས་འཕེལ་རྒྱས་དང་བོད་མིའི་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་སོང་བའི་དབང་གིས་གྲུབ་མཐའི་ཕྱོགས་ཞེན་དེ་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ཀུན་གྱི་མཐོང་ལམ་དུ་གསལ་བས། བོད་རང་ས་ནས་བྱུང་ཞིང་དར་བའི་བོན་གྱི་བསྟན་པ་དང་རིག་གནས་དེའི་རིན་ཐང་ལ་ཡང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་མི་རིགས་གཞན་པའི་མཁས་པ་རྣམས་ཀྱིས་བོད་ཀྱི་གྲུབ་མཐའ་ལ་འདྲ་མཉམ་དུ་ལྟ་བ་དང་། རང་རིགས་ཀྱི་གྲུབ་མཐའི་ཕྱོགས་ཞེན་ལས་ཡོངས་སུ་ཐར་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་གཟིགས་སྐྱོང་འོག བོན་གྱི་བསྟན་པ་དང་དེའི་རིག་གནས་ཀྱི་རིན་ཐང་ལ་རྒྱལ་ཁབ་ཕྱི་ནང་གི་ཁས་ལེན་དང་གདེངས་འཇོག་ཆེ་རུ་འགྲོ་བཞིན་ཡོད། དཔེར་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དུ་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལྷོད་ཡངས་བྱུང་ནས་ཡིག་རྙིང་དང་རིག་གནས་ཀྱི་གནའ་རྫས་ཐོ་འགོད་བྱས་པའི་སྐབས་སུ། ཁམས་ཉག་རོང་གི་དབལ་ཁྱུང་དགོན་པ་ནས་བོན་ལུགས་བཀའ་འགྱུར་བྲིས་མ་ཚར་ཞིག་ཉར་ཚགས་བྱས་ཡོད་པ་སྲིད་གཞུང་ལ་ཞུས། དེའི་རྗེས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དཀར་མཛེས་ཁུལ་དུ་གཟིགས་ཞིབ་གནང་སྐབས་སུ་ཁོང་གི་སྙན་ལམ་དུ་ཞུས་པ་ན། ཁོང་གིས་བྲིས་མ་དེ་དཔེ་དཀོན་ཤིན་ཏུ་རྩ་ཆེན་ཡིན་པ་མཐོང་ནས་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ལ་མགྱོགས་མྱུར་སྒོས་པར་དུ་བསྐྲུན་ནས་དཔེ་རྒྱུན་སྤེལ་དགོས་པའི་བཀའ་ནན་མོ་ཕབ་པ་དང་། རྗེས་སུའང་དེ་པར་སྐྲུན་གྱི་འགོ་བཙུགས་ཡོད་མེད་སོགས་འདྲི་གཅོད་གནངས་པའི་བཤད་རྒྱུན་མང་པོ་ཐོས། ཁོང་གིས་བརྩེ་གཟིགས་གནངས་པའི་བཀའ་དྲིན་གྱིས། སྲོལ་རྒྱུན་རིག་གནས་དུག་རྩ་རུ་མཐོང་བའི་ཆག་སྒོ་རྣམས་ལས་ཐར་བའི་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་སྐྲུན་ཐུབ་པའི་གོ་སྐབས་བྱུང་ཞིང་དེས་བོད་མི་རིགས་ཀྱི་རིག་གནས་ལ་ཕྱག་རྗེས་བླ་ན་མེད་པ་བསྐྲུན།ལོ་དེབ་འདིའི་ནང་དུ་ཡང། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་གཡུང་དྲུང་བོན་ལ་བརྩེ་གཟིགས་གནང་ཚུལ། ཞེས་པའི་ལྗགས་རྩོམ་ཞིག་བསྡུས་ཡོད། ཁོང་དང་འདྲ་བའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས། དེང་སྐབས་བོད་མི་རིགས་འདིའི་རིག་གནས་ཀྱི་སེམས་དཀྱེལ་ཇེ་ཆེ་དང་། མཐོངས་རྒྱ་ཇེ་ཡངས། རྟོགས་པ་ཇེ་མཐོ་རུ་འགྲོ་བཞིན་པ་ཡང་ཐམས་ཅད་དགའ་འོས་པ་དང་སྤྲོ་འོས་པ་ཞིག་རེད།

བོན་གྱི་བསྟན་པ་ནི་བོད་ཀྱི་ཤེས་རིག་གི་འབྱུང་གཞི་དང་རྐང་རྩ་ཡིན་པས། དེའི་སྐོར་གྱི་ཞིབ་འཇུག་གི་གཏིང་ཇེ་ཟབ་ཏུ་སོང་ན། བོད་ཀྱི་ཤེས་རིག་གི་འབྱུང་གཞི་དང་དེའི་འཕེལ་རིམ་ལ་ངེས་ཤེས་གཏིང་ཟབ་མོ་དང་ཡང་དག་པ་ཞིག་འདྲོང་ཐུབ་པ་དང་། མི་རིགས་རང་གི་བསྟན་པ་དང་སྲོལ་རྒྱུན་ལ་བརྩི་མཐོང་མེད་ན་མི་རིགས་རང་གི་རིག་གནས་ཀྱི་རང་ཚུགས་འཆོར་འགྲོ་བ་དང་འཆོར་བཞིན་ཡོད་པ་དཔེར་ན། བོད་ཀྱི་གསོ་བ་རིག་པ་ནི་བོད་རང་སའི་མཐོ་སྒང་ནས་བྱུང་ཞིང་། དེའི་སྟེང་དུ་རྒྱ་དཀར་ནག་གི་སྨན་དང་དཔྱད་ཀྱི་གྲུབ་འབྲས་ནང་འདྲེན་བྱས་ནས་གྲུབ་པ་གདོན་མི་ཟ་སྟེ། ཏུན་ཧོང་ཡིག་རྙིང་༼PT127༽ནང་གི་མེ་བཙའི་བཅའ་ཐབས་ཤིག་གི་མཇུག་ཏུ། དཔྱད་ཡྀག་འདྀ་ནི་ཕྱག་སྦལ་ན་ཡང་མྱེད་དེ། དཔྱད་ཡྀག་ཐམས་ཅད་ལས་ཀྱང་བདུས་པའྀ་སྟེང་དུ་ཞང་ཞུང་གྱྀ་དཔྱད་ཕུགས་པ་དང་། སྦྱར་ཏེ་བགྱྀས་པ་ལགས་སོ། ཞེས་བཀོད་པ་དང་། དེང་སང་མུ་མཐུད་དུ་བེད་སྤྱོད་བཞིན་ཡོད་པའི་སྨན་དཔེ་ནང་དུ་ཞང་ཞུང་སྐད་ཀྱི་ཐ་སྙད་ད་རུང་མང་པོ་ལྷག་ཡོད་པ་དང་། ལྷག་པར་དུ་གསོ་རིག་འབུམ་བཞིའི་ནང་དུ་བོད་གནའ་རབས་ཀྱི་གསོ་རིག་སྐོར་མང་པོ་གསུངས་ཡོད་པ་ལ་སོགས་པའི་དཔང་རྟགས་བགྲང་གིས་མི་ལང་མོད།བོད་མི་རང་གིས་བོད་ཀྱི་གསོ་བ་རིག་པའི་ཁུངས་རྒྱ་གར་ལ་གཏུགས་ཆེ་དྲག་པ་ན། ད་ལོ་རྒྱ་གར་སྲིད་གཞུང་གིས་དེ་བེད་སྤྱོད་བྱས་ནས་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་རིག་གནས་ཡིན་པར་རྒྱལ་ཁབ་གཞུང་གི་གྲོས་ཆོད་བྱུང་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གྱི་རིག་གནས་ཡིན་ཚུལ་དང་དེའི་འཛམ་གླིང་དངོས་མིན་རིག་གནས་ཀྱི་བདག་དབང་རྒྱ་གར་ལ་སྤྲོད་དགོས་པའི་ཡར་ཞུའི་ཡིག་ཆ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་དང་རིག་གནས་ཀྱི་ལས་ཚོགས་ཞེས་པའི་ཚོགས་པ་དེ་ལ་ཕུལ་ཡོད། བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་ཡིན་ཟེར་བའི་ལྟ་བ་དེའི་སྒྲུབ་བྱེད་གཙོ་བོ་ནི་བོད་པ་རྣམས་ཀྱིས་བྲིས་པའི་བོད་ཀྱི་གསོ་བ་རིག་པའི་ཁུངས་རྒྱ་གར་ལ་གཏུགས་པའི་བརྩམས་ཆོས་དག་རེད། གལ་ཏེ་དེའི་བདག་དབང་གཞན་ལ་ཤོར་ན། མ་འོངས་པར་རྒྱལ་སྤྱིའི་རིམ་པ་ནས་བོད་ཀྱི་གསོ་བ་རིག་པའི་སྲུང་སྐྱོབ་དང་དར་སྤེལ་གང་གི་ཆ་ནས་ཀྱང་མཐུན་རྐྱེན་མང་པོ་ཞིག་འཆོར་འགྲོ་བ་མ་ཟད། རྒྱལ་སྤྱིའི་རིམ་པ་ནས་བོད་ཀྱི་གསོ་བ་རིག་པ་ཟེར་ནས་མིང་འདོགས་པའི་དབང་ཆ་ཡང་འཆོར་ཉེན་ཡོད། རྒྱ་གར་གྱིས་བོད་ཀྱི་གསོ་རིག་གི་བདག་དབང་རྩོད་པའི་ཡིག་ཆ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞིའི་ཁྲོད་དུ་སླེབས་པའི་སྐབས་སུ། ཀྲུང་གོའི་འབྲེལ་ཡོད་ལས་ཁུངས་དང་བོད་པ་རྣམས་གཉིད་ལས་སད་དེ་གཞི་ནས་བོན་གྱི་གསོ་རིག་འབུམ་བཞི་ལ་སོགས་པའི་ཡིག་ཆ་ལ་འཚོལ་ཞིབ་དང་དོ་སྣང་བྱེད་བཞིན་ཡོད། བོད་ཀྱི་གསོ་རིག་གི་བདག་དབང་གཞན་དུ་འཆོར་ཉེན་ཡོད་པ་འདི་ནི་རང་གི་ཤེས་རིག་ལ་རང་གིས་བརྩི་མཐོང་མ་བྱས་པས་ལན་པ་མངོན་སུམ་རེད།

མི་རིགས་དང་རིག་གནས་གང་ཡིན་ན་ཡང་། རང་གཞན་གཉིས་ཀའི་བསྟན་པ་དང་རིག་གནས་གང་རུང་ལ་འདྲ་མཉམ་གྱི་བརྩི་མཐོང་ཡོད་མེད་ནི་མི་རིགས་དེའི་མཐོང་རྒྱའི་ཡངས་དོག་དང་རྟོགས་པའི་མཐོ་དམན་ལ་རག་ལས། དེའི་ནང་ནས་རང་ས་ནས་བྱུང་བའི་ཤེས་རིག་གི་སྲོལ་རྒྱུན་ལ་བརྩི་མཐོང་ཡོད་མེད་ནི་མི་རིགས་རང་གི་རིག་གནས་ཀྱི་གདེང་ཚོད་ཡོད་མེད་ལ་རག་ལས། ལོ་དེབ་འདིའི་ནང་དུ། བོན་བསྟན་གྱི་ལོ་རྒྱུས་ཀྱི་གཅོད་མཚམས་དང་། གནས་བདག་གི་དད་མོས།སེར་སྒྲུབ། བཙན་པོའི་སྐུ་གཤེན། ཏི་སེའི་ལོ་རྒྱུས། བོད་སྟོད་རྒྱལ་པོ་ཤེལ་རི་ཕྱུག་མོའི་ལོ་རྒྱུས་ལ་སོགས་པའི་བརྗོད་བྱ་གལ་ཆེན་ཁག་ལ་ཞིབ་འཇུག་བྱས་ཡོད་པར་བལྟས་ན། བོད་རང་ས་ནས་བྱུང་བའི་ཤེས་རིག་གི་སྲོལ་རྒྱུན་དེ་ལ་དོ་སྣང་ཇེ་ཆེ་དང་དེའི་སྐོར་གྱི་ཞིབ་འཇུག་དེ་ཇེ་ཞིབ་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་མཐོང་ཐུབ་ལ། དེས་ཀྱང་བོད་མི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་ལྷག་པར་དུ་ཡར་རྒྱས་གོང་འཕེལ་གཏོང་བར་ཞབས་ཞུ་གང་ལེགས་བསྒྲུབ་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད། 

ཞེས་སྟོང་སྐོར་ཚེ་རིང་ཐར་གྱིས་སྤྱི་ལོ༢༠༡༧ལོའི་ཟླ༤བའི་ཚེས་པ༡༤ལ་པེ་ཅིན་ནས།

༠༣.png
༢༠༡༦ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྒྱ་ཡིག་དཀར་ཆག
1507196884138816.png

༼རྩོམ་སྒྲིག་པའི་གསལ་བཤད། སྤྱིར་༢༠༡༦ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སྤྱི་ཟླ་༥བའི་ནང་ལ་དཔར་དུ་བསྐྲུན་ཟིན་མོད། ལས་ཀ་ཙག་ཙིག་གི་རྐྱེན་པས་དེ་རིང་བར་ལ་དྲ་བར་འགོད་ཐུབ་མ་སོང་བས་དགོངས་གསོལ་ཞུ། ༽