རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ།

༧ དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱིས་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་སྤྱིའི་འདོན་ཐེངས་དང་པོ།
ཆེ.jpg

ལོ་དེབ་ཀྱི་མདུན་ངོས་པར་རིས།

༣༢༢༢༢༢༢.png

ལོ་དེབ་ཀྱི་རྒྱབ་ཤོག

༣༡༣༡.jpg

མདུན་ངོས་ནང་མ།

2111.jpg

རྒྱབ་ངོས་ནང་མ།
目录-1.jpg
མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་གནང་བའི་ཤིས་ཚིག

目录-5.jpg
 目录-6.jpg

དཀར་ཆག

གླེང་གཞི་དྲུང་མུའི་རང་ཁམས།

   དེ་ཡང་འདི་ནས་ཡར་བརྩིས་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ཡར་སྔོན་དུ་སྟོང་གསུམ་འགྲོ་བའི་མུན་སེལ་ཆེན་མོ་༧རྒྱལ་བ་གཤེན་རབ་མི་བོ་ཆེ་རྟག་གཟིགས་འོལ་མོ་གླིང་མཆོག་ཏུ་ཕེབས་ཏེ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་གང་ལ་གང་འདུལ་གྱི་མཛད་པ་འཕྲིན་ལས་བསྐྱངས་ཏེ་བཀའ་དང་པོ་ཐེག་པ་རིམ་དགུ་དང་བཀའ་བར་བ་སྒོ་བཞི་མཛོད་ལྔ། བཀའ་ཐ་མ་ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་རིམ་པ་གསུམ་བསྐོར་ཏེ་འཛམ་གླིང་ས་སྒང་འདིར་ཤེས་རིག་འོད་སྣང་ཕྱོགས་སུ་ཁྱབ་པར་མཛད། དེ་ནས་བཀའ་བསྡུ་གཙོ་འཁོར་བཅུ་གསུམ་དང་འཛམ་གླིང་མཁས་པའི་རྒྱན་དྲུག སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། རིག་འཛིན་ལོ་པཎ་གཤེན་བརྒྱད། བླ་ཆེན་དྲན་པ་ཡབ་སྲས་སོགས་ཀྱིས་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་བརྟེན་ནས་ཞང་བོད་ཀྱི་ཡུལ་གྲུ་གཙོས་པའི་འཛམ་གླིང་ཁྱོན་དུ་གཤེན་བསྟན་སླར་ཡང་ཁྱབ་པར་མཛད། དེ་ནས་སླར་ཡང་འགྲོ་བའི་བསོད་ནམས་མ་ཐེག་པའམ་རྒྱ་གར་བན་བསྟན་གངས་རིའི་ལྗོངས་སུ་དར་བའི་དུས་ལ་བབས་ཏེ་ཞང་བོད་ཀྱི་གནས་སུ་རེ་ཞིག་གཤེན་བསྟན་ཉམས་དམས་སུ་གྱུར་ཏེ་བན་བསྟན་དབུས་གཙང་ཁུལ་དུ་དར་རྒྱས་བྱུང་། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་སྟོན་གཤེན་ཆེན་ཀླུ་དགའ་གཙོས་པའི་གཏེར་སྟོན་བརྒྱ་རྩ་དང་བྲུ་ཞུ་སྤ་རྨེའུ་གཡས་རུའི་སྟོན་པ་བཅོ་བརྒྱད། རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོ་སོགས་ཀྱིས་གཡུང་དྲུང་བོན་བསྟན་སྔ་ལས་ལྷག་པའི་སྒོ་ནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་སོགས་ཀྱིས་མཛད་འཕྲིན་བསྐྱངས། དེ་ལྟར་རྒྱལ་བ་གཤེན་བསྟན་འདི་གངས་རིའི་ལྗོངས་སུ་དར་རྒུད་ཀྱི་རྣམ་པ་མི་འདྲ་བ་དུ་མ་བྱུང་།
   ཡུལ་ལུང་འདི་ལ་མཚོན་ན་ཡང་འདི་ནས་ཡར་བརྩིས་མི་ལོ་བཞི་སྟོང་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ་ཞང་ཞུང་གི་གྲུབ་ཆེན་རྒྱ་བོན་ཟིང་བ་མཐུ་ཆེན་ཞང་ཞུང་སྒོ་བའི་མངའ་ཁོངས་ཟིང་ཆུའི་ཕྱོགས་སུ་ཕེབས་ཏེ་འཛམ་གླིང་གནས་ཆེན་ནམ་མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་གསེས་བྱང་ཕྱོགས་ཟིང་ཆུ་ནགས་རིང་དུ་འོག་མིན་དབྱིངས་ནས་ཟིང་དུ་འབབས་པའི་ཆུ་མྱིག་དཀར་མོ་ཞེས་པའི་གཏེར་ཆུ་དྲངས་ཏེ་ཡུལ་ལུང་འདིར་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་བའི་རྟེན་འབྲེལ་ཐོག་མར་བཙུགས་ཏེ་ཁོང་ཉིད་བྱང་བྱ་དུར་གྱི་དགོན་བཞི་སྟེ་བྱ་དུར་གནམ་དགོན། རིན་སྤུངས་ཁྱུང་དགོན། ཀེའུ་ཡུལ་བྲག་དགོན། ཀླུ་བཙན་ལ་དགོན་བཅས་དང་། དེ་བཞིན་བྲག་གཡུང་དྲུང་ཁ་སོགས་སུ་སྒྲུབ་པ་ཉམས་ལེན་མཛད་དེ་སྔ་དར་གྱི་དུས་ལ་ཟིང་ཆུ་ཡུལ་དུ་གཤེན་བསྟན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། ཡུལ་ལུང་ཀུན་ལ་བདེ་སྐྱིད་ཀྱི་ཉི་མའི་འོད་སྣང་ཕྱོགས་སུ་ཁྱབ་པར་མཛད། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུའང་བོན་བསྟན་སྤྱི་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྐྱེས་ཆེན་གཙོ་འཕགས་ཟླ་བ་རྒྱལ་མཚན་དང་སྐྱང་འཕགས་ཉི་མ་འོད་ཟེར། དོ་འཕགས་གདུང་འཛིན་སྣང་ཞིག་ལྕགས་མདུད་འདུལ་བ་རྒྱལ་མཚན། སྣང་ཞིག་དངུལ་སྐུ་གཡུང་དྲུང་རྒྱལ་མཚན། ཁྱུང་ཚ་རིན་ཆེན་རྒྱལ་མཚན། རྟོགས་ལྡན་རི་བ་འབྲུག་གསས། ལྡོང་སྒོམ་བསྟན་པ་ལྷུན་གྲུབ། སྐྱབས་མགོན་ཟླ་བ་རྒྱལ་མཚན། ཡོངས་འཛིན་རྣམ་དག་འོད་ཟེར། མཁན་ཆེན་བསོད་ནམས་ཕུན་ཚོགས། མཁར་ཡགས་མཁས་དབང་ངག་དབང་རྣམ་རྒྱལ། ན་ཆུ་མཁས་པ་མ། རིན་སྤུངས་ཨ་ལགས་ཤེས་རབ་རྣམ་རྒྱལ། ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས། དུང་རི་བླ་མ་བསྟན་འཛིན་དབང་རྒྱལ། མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན། དགེ་སློང་ཤེས་རབ་བསྟན་འཛིན་སོགས་ཕེབས་ཏེ་བོད་ཡུལ་སྤྱི་དང་ཁྱད་པར་དུ་ཟིང་ཆུ་ཡུལ་ལུང་འདིར་རྒྱལ་བ་གཤེན་གྱི་བསྟན་པ་དར་སྤེལ་གྱི་མཛད་འཕྲིན་བླ་མེད་བསྐྱངས། དེ་ནས་བསྟན་པ་ཡང་དར་གྱི་དུས་འདི་ལ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ། དཔོན་སློབ་བསྐལ་བཟང་དར་རྒྱས། དཔོན་སློབ་ལྷ་རམས་པ་བརྩོན་འགྲུས་གོང་འཕེལ། སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་སོགས་ཀྱིས་བསྟན་པ་འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་མཛད་འཕྲིན་བསྐྱངས་ཏེ་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་གཞིས་དགོན་སྟེ་དཔལ་གཤེན་བསྟན་༧དགའ་མལ་དགོན་ཆེན་འདི་ཉིད་ཕྱག་བཏབ་མཛད་དེ་བཤད་སྒྲུབ་སྒོམ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རྒྱ་ཆེར་བསྐྱངས། དེ་ནས་སླར་ཡང་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་གཙོས་པའི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་མཁན་སློབ་བླ་སྤྲུལ་དགེ་བཤེས་སོགས་ཀྱི་མཛད་འཕྲིན་ལ་བརྟེན་ནས་༧དགའ་མལ་དགོན་ཆེན་དུ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་བླ་ན་བླར་སྤེལ་བཞིན་པ་འདིའང་སྙིགས་དུས་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་དུ་ཡུལ་ལུང་འདིའི་བསོད་ནམས་ཞིག་ཡིན་པར་སྨྲོས་མ་དགོས་པ་རེད།
   དེ་ནས་དེང་དུས་རབས་ཉེར་གཅིག་པའི་སྐབས་འདི་ལ་དྲ་བ་དང་དུས་དེབ་སོགས་ལ་བརྟེན་ནས་མི་རིགས་དང་གྲུབ་མཐའ་ཡུལ་ལུང་བཅས་ཀྱི་རིག་གཞུང་རྣམས་ཁྱབ་བསྒྲགས་ཀྱི་རྣམ་པར་མཚོན་བཞིན་པའི་སྐབས་འདི་ལ་ཡང་། མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་༧དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་དང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་མཚན་བསྩལ་གནང་བའི་ཆུ་མྱིག་དཀར་མོ་ཞེས་པའི་ལོ་དེབ་ཞིག་བསྒྲིགས་པ་ལགས།
   འདི་ལྟར་བསྒྲིགས་དགོས་དོན་ཀྱང་། སྤྱིར་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་དུ་གཞུང་སྒེར་གང་རུང་ནས་གཉེར་བའི་བོད་ཡིག་དུས་དེབ་དང་ལོ་དེབ་ཚགས་པར་བགྲང་གིས་མི་ལོངས་པ་ཞིག་མཆིས་ལ་འོན་ཀྱང་ཡུལ་ལུང་འདིའི་ཁྱད་ཆོས་ལྡན་པའི་ལོ་དེབ་ཞིག་དེ་སྔར་ཉུང་སྟབས་དགའ་མལ་དགོན་ཆེན་གྱི་ངོས་ནས་ལས་འགན་དེ་དང་བླངས་གནང་། སྤྱི་དེབ་དང་པོ་འདི་ལ་མཚོན་ན་ཡང་སྒྲིག་སྦྱོར་དང་ཞུ་དག་སོགས་ཀྱི་མ་འདང་བའི་རིགས་དུ་མར་མཆིས་ངེས་པའི་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ཆེད་དུ་དགོངས་གསོལ་ཞུ་བ་དང་ལྷན། མ་འོངས་པར་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ནས་མི་རིགས་དང་རྒྱལ་ཁབ་གྲུབ་མཐའ་ཡུལ་ལུང་སོགས་ལ་ཕན་པའི་སྣ་འཛོམས་ཀྱི་ལྗགས་རྩོམ་རེ་གནང་བའི་རེ་བཅོལ་དང་བཅས།

དགའ་མལ་དགོན་ཆེན་གྱི་ལོ་དེབ་ཆུ་མྱིག་དཀར་མོའི་རྩོམ་སྒྲིག་ཚན་ཆུང་གིས་༢༠༡༦ལོའི་ཟླ་བ་༡ཚེས་༡༥ཉིན།