སྒྲུབ་རྫས་འགྲེམ་སྤེལ་གསལ་བརྡ།

   དེ་ཡང་བོན་སྒོ་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་གང་ཉམས་སུ་བླངས་ཏེ་སྒྲུབ་པའི་མཐིལ་དུ་ཕྱིན་པ་ལ་དོན་རྣམ་པ་ལྔ་ལྡན་དགོས་པ་སྟེ། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་༼ ཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་མདོ་གཡུང་དྲུང་ཀློང་རྒྱས་༽ལས། དོན་རྣམ་པ་ལྔ་སྟེ། ཕྱག་རྒྱ་དང་། སྙིང་པོ་དང་། རྫས་དང་། ཚིག་བཤད་དང་། ཏིང་ངེ་འཛིན་དང་ལྔའོ། །ཞེས་དང་། ཡང་། ཡོ་བྱད་རྫས་རྣམས་འཚོགས་པ་རྒྱུ་ཡི་ནུས་མཐུ་ཡིས། །ཞེས་སོགས་མདོ་འབུམ་རྒྱུད་མཛོད་ཀྱི་བཀའ་གཞུང་རྣམས་དང་ཁྱད་པར་དུ་ཞང་བོད་ཀྱི་རིག་འཛིན་གོང་མ་རྣམས་ཀྱིས་མཛད་པའི་བཀའ་བརྟེན་སོགས་སུ་མདོ་སྔགས་རྫོགས་གསུམ་མམ་བོན་སྒོ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་འཕྲིན་ལས་སྐབས་སུ་ཡོ་བྱད་རྫས་ནི་མེད་དུ་མི་རུང་བའམ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཞིག་ཆགས་ཡོད་ལ།
   ཁྱད་པར་དུ་གསང་སྔགས་ཀྱི་གཞུང་ཉམས་སུ་ལེན་པའི་སྐབས་སུ་ཡོ་བྱད་ཀྱི་རྫས་རྣམས་མ་ཚང་ན་འགྲུབ་པའི་འབྲས་བུའམ་བསྒྲུབས་པའི་རྟགས་ཐོན་དཀའ་བའི་གནས་ཤིག་ཆགས་པ་ནི་འདིར་སྨྲོས་མ་དགོས་པ་རེད།
   སྤྱིར་དེང་རྒྱལ་ཕྱི་ནང་ངམ་བོད་མདོ་དབུས་ཁམས་གསུམ་ལ་ཡོད་པའི་བོན་གྱི་དགོན་སྡེ་ཁག་སོགས་ནས་མཆོད་རྫས་འདྲ་མིན་བཟོ་དང་བཟོ་བཞིན་པ་རེད་མོད། འོན་ཀྱང་ད་རུང་མང་ཚོགས་སམ་ཁྱིམ་ཚང་རྣམས་སུ་སྒྲུབ་པའི་རྫས་དཀོན་པོར་ཆགས་ཡོད་སྟབས།
   གནས་ཚུལ་དེ་དག་ལ་དམིགས་ཏེ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་གི་༧སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༡༡ལོ་ནས་བཀའ་དགོངས་སློབ་སྟོན་བཞིན་ངེད་མདོ་སྔགས་བཤད་སྒྲུབ་གླིང་ངོས་ནས་སྤྱིར་བོན་མདོ་སྔགས་རྫོགས་གསུམ་དང་ཁྱད་པར་དུ་ཡི་དམ་གསང་སྔགས་ཕྱི་ནང་གི་སྒྲུབ་རྫས་རྣམས་བསྡུ་སྒྲིག་བྱས་ཏེ་གཙོ་བོར་མཁན་ཉི་མའི་གསང་སྔགས་དམ་རྫས་ཀྱི་རིམ་པ་བསགས་ཐབས་ཉེར་མཁོ་དང་། རྒྱབ་སྐྱོར་ལ་ཀུན་མཁྱེན་ཤར་རྫ་པའི་གསང་སྔགས་བསྐྱེད་རྫོགས་དང་། གཤེན་མཁས་གྲུབ་ཀྱི་གསར་བུའི་བློ་གྲོས། ཕྱི་ནང་གསང་བའི་བསྡུས་དོན་ཉེར་མཁོ་སོགས་ལ་གཞི་བཅོལ་ཏེ་༼སྒྲུབ་བསགས་ཐོ་ཡིག་༽ཞེས་པ་གསར་བསྒྲིགས་མཛད་ལ།

   ད་བར་མི་ལོ་༩ཡས་མས་སུ་འགོར་ཡོད་ཅིང་། དེ་ནས་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་མཆོག་སྤྱི་ལོ་༢༠༡༨ལོར་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས། དེ་ནས་ཁོང་གི་རྗེས་འཛིན་པ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་ནས་ཞིང་གཤེགས་སྒྲུབ་སློབ་ཁོང་གི་བཀས་བཀོད་ལྟར་ཡོད་པ་ཕུགས་ནས་བྱུང་ཞིང་། མེད་པ་རིན་གྱིས་ཉོས་ཏེ་༼སྒྲུབ་བསགས་ཐོ་ཡིག་༽ བཞིན་དུ་མཆོད་རྫས་སམ་སྒྲུབ་རྫས་རྣམས་འཚོལ་བསྡུ་དང་བསྡུར་སྦྱོར་བྱས་ཏེ། དེང་དངོས་སུ་ལེགས་གྲུབ་བྱུང་ཡོད་ལ།
   དེ་ནས་ཞིང་གཤེགས་སྒྲུབ་སློབ་ཁོང་གི་དགོངས་པ་ལྟར་སྒྲུབ་རྫས་རྣམས་མང་ཚོགས་ཀྱི་དགོས་མཁོ་ལ་ཕན་པ་དམིགས་ཏེ་རིན་གོང་མ་རྩ་ལྟར་བླུ་བཞེས་སྤེལ་རྒྱུ་ཡིན་པས་ས་གནས་གང་ཡོད་ཀྱི་དགོས་མཁོ་མཁན་དག་གིས་འབྲེལ་གཏུག་གནང་བ་འཚལ།
 
  
  དེ་སྔར་འགྲུབ་ཟིན་པའི་སྤྱིའི་སྒྲུབ་རྫས་ལ། དུག་སྣ་རིགས་དགུ། གེ་ཁོད་དམར་ཚན། གེ་ཁོད་དཀར་ཚན། ལྷ་བསང་དཀར་པོ། ཁྲུས་རྫས། ཕྱིའི་བུམ་རྫས་ཉེར་ལྔ། ནང་གི་བུམ་རྫས་ཉེར་ལྔ། རྩ་བརྒྱད། བཟང་དྲུག ཀླུ་སྨན། རག་ཏ། གུ་ནག སྤོས་དཀར། ༼ འདི་ཡན་ཁུག་མ་གཅིག་ཡིན།༽   
    ཀུན་རིག་ལས་བཞི་རྒྱུན་ལྔའི་སྨན་རྫས་ལ། མཆོད་སྨན། རྡུལ་ཕྱེ་སྨན་ལྔ། བགེགས་རྫས། སྤྱིའི་བཤགས་རྫས། དབང་གི་བཤགས་རྫས། དྲག་པོའི་བཤགས་རྫས། ཕྱི་ནང་གཉིས་ཀྱི་བུམ་རྫས། ༼ འདི་ཡན་ཁུག་མ་གཅིག་ཡིན།༽   
   གཏོ་ཀློང་གཉིས་ཀྱི་རྫས་ལ། འབྲུ་ལྔ། སྨན་ལྔ། སྙིང་པོ་ལྔ། རིན་ཆེན་ལྔ། སྤོས་ལྔ། རྡུལ་ཕྱེ་སྨན་ལྔ། གཏོ་བུ་མཆོད་སྨན། ཕྱིའི་བུམ་རྫས། བཟང་དྲུག སྤྱིའི་བཤགས་རྫས། ༼ འདི་ཡན་ཁུག་མ་གཅིག་ཡིན།༽ 
 གཟུངས་འཇུག་མཛོད་ཆེན་བཅུ་གཉིས་ཀྱི་རྫས་ལ། རིང་སྲེལ་དང་དར་སྣ་ལྔ། འཕན་དར་སྣ་ལྔ། དར་དཀར་དམར། ཉུང་དཀར། འབྲུ་ལྔ། ཉུང་ནག རིན་ཆེན་སྣ་ལྔ། སྙིང་པོ་ལྔ། འབྲས་བུ་ལྔ། གསེར་ཞུན་མ། སྨན་ལྔ། ཤེལ་ལ་གཡུང་དྲུང་། ༼ འདི་ཡན་ཁུག་མ་གཅིག་ཡིན།༽   བཅས་ཚན་ཁུག་བཞི་ཡོད་པའོ། །
འབྲེལ་གཏུག་ཁ་པར། 13990434199
ཞེས་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་རྫས་འགྲེམ་སྤེལ་ཁང་ནས།
སྤྱི་ལོ་༢༠༢༠་༩་༡༣ཉིན།