མ་གོ་ཐབས་མེད་ཀྱི་བརྡ་ཁྱབ་སྐད་ཆ།

IMG_0154.JPG
བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད།

   བླ་མའི་མཚན་ཉིད་ནི་རྫོགས་པ་ཆེན་པོ་ལས།  གཞི་ཐུན་མོང་གི་མཚན་ཉིད། ཐུན་མོང་མ་ཡིན་པའི་མཚན་ཉིད། ཁྱད་པར་ཡོན་ཏན་གྱི་མཚན་ཉིད་གསུམ་དང་ལྡན་པ་དགོས་ཞེས་གསུངས་པས། མཚན་ཉིད་དེ་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་ནི། སྙིགས་མ་ལྔ་བདོ་བའི་དེང་གི་དུས་སུ་དུས་ཐོག་སྨན་གྱི་ཆར་བ་ལྟར་བྱོན་པའི་རྣམ་ཀུན་འདྲེན་པ་ཆེན་པོ། བསླབ་པ་གསུམ་ལྡན་གྱི་ངུར་སྨྲིག་འཛིན་པའི་བསྟན་པའི་སྲོག་ཤིང་། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་གསོལ་ན། རྗེ་སྐལ་བཟང་ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོ་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་འབར་བའི་སྐྱབས་མཆོག་གང་དེས། སྤྱིར་གདུལ་བྱ་འགྲོ་བ་ཡོངས་དང་། སྒོས་མདོ་སྨད་ཟིང་ཆུ་ཡུལ་གྱི་བསྟན་འགྲོ་གཉིས་ཀའི་དོན་ལ་རླབས་ཆེན་གྱི་མཛད་འཕྲིན་སྔར་བསྐྱངས་དང་ད་ཆར་སྐྱོང་བཞིན་ཡོད་པ་ནི་ཀུན་ལ་མངོན་གསལ་དུ་གྱུར། ལོ་རེ་བཞིན་དབྱར་དགུན་གཉིས་ཀྱི་སྐབས་སུ་འགྲོ་བ་ཁྲི་སྟོང་མང་པོར་དགེ་སྒྲུབ་སྡིག་སྤང་གི་རྣམ་བཞག་དང་བཀའ་སློབ་ལམ་སྟོན་རྒྱུན་མི་འཆད་པར་མཛད་དང་མཛད་བཞིན་དུ་མཆིས། ད་ལོ་ཡང་སྤྱི་ཟླ་དྲུག་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་རིང་མ་ཏྲི་རིན་ཆེན་སྒྲོན་མེའི་སྙིང་པོ་དང་དུ་ཏྲི་སུ་བཤགས་པའི་རྒྱལ་པོ་ཡིག་བརྒྱ་བཅས་ཀྱི་ཁྲིད་དང་ཕན་ཡོན་བཅས་གསུང་རྒྱུ། དད་ལྡན་སྐྱ་སེར་མང་པོས་ཡང་ནས་ཡང་དུ་རེ་བསྐུལ་བྱུང་བར་བརྟེན་སྤྱི་ཟླ་དྲུག་པའི་ཚེས་ལྔ་ཡི་ཉིན་ལ་གཤེན་རབ་རྣམ་པར་རྒྱལ་བའི་དབང་མཆོག་བསྐུར་དགོས་པའི་ཞལ་གསུངས་བྱུང་། དེ་བས་ཚང་མས་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མ་གཏོང་བར་དབང་འོག་ཏུ་དུས་ལྟར་ཡོང་རྒྱུར་རེ་བས་འབོད་བསྐུལ་ཞུས་པ་ཡིན་ནོ།། རིན་པོ་ཆེ་ཁོང་ནི་དང་པོ་སྨྲ་བའི་དབང་པོ་དགེ་བཤེས་དཔོན་སློབ་སྐལ་བཟང་དར་རྒྱས་སོགས་ཀྱི་ཞབས་པད་བསྟེན་ནས་མཁས་པའི་གོ་སར་བསྙེགས།། བར་དུ་རྒྱུད་སྨིན་པར་མཛད་ཆེད་མི་ལོ་བཅུ་ཕྲག་ཁ་ཤས་ལ་ཕྱོགས་མེད་ཀྱི་དབེན་པའི་གནས་ཁོ་ནར་སྒོ་གསུམ་དགེ་ལ་གཞོལ་ཏེ་ཉམས་རྟོགས་ཐུན་མིན་དུ་འབར། ཐ་མ་ལུས་ཅན་འགྲོ་བའི་དོན་དུ་གསང་གསུམ་བོན་གྱི་འཁོར་ལོ་རྟག་ཏུ་སྐོར་ཏེ་ཉིན་མཚན་གཉིས་མེད་དུ་རང་གཞན་དོན་གཉིས་ཀྱི་དགེ་བར་འབད་བཞིན་དུ་བཞུགས་པ་ནི་བདག་ཅག་གི་བསོད་ནམས་སུ་ཅིས་ཀྱང་ལགས་སོ།།

ཞེས་མགོན་པོ་གང་གི་སློབ་འབངས་སུ་གཏོགས་པ་ཤར་དུག་ལྕེས་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་ལ་ཕུལ།